དབུ་མའི་ལམ་ལ་སྔར་ལྷག་ཤུགས་རྒྱག་རྒྱུ་ཡིན།

དེ་རིང་སྲིད་སྐྱོང་བློ་བཟང་སེང་གེས་བཀའ་ ཤག་གི་ལས་ཁུར་གནང་སྟེ་ལོ་གཉིས་འཁོར་གྱི་ཡོད་པ་དང་། དུས་ཡུན་དེའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་མི་དམན་ པ་ཙམ་ཐོན་པའི་བཀའ་དྲིན་མཚོན་ཕྱིར། དྷ་ས་གཙོས་པའི་བོད་མི་གནས་སྡོད་བྱེད་སའི་ས་གནས་ཚང་མ་ནས་མཆོད་འབུལ་གནང་གི་ ཡོད་པ་རེད།

2013_8_8དེ་ ཡང་ཟླ་འདིའི་ཕྱི་ཚེས་༨ ཉིན་སྲིད་སྐྱོང་བློ་བཟང་སེང་གེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་ ལས་ཁུར་གནང་སྟེ་ལོ་གཉིས་འཁོར་གྱི་ཡོད་པ་དང་ ། དུས་ཡུན་དེའི་རིང་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་གཞུང་བསྟེན་ཆོས་ སྐྱོང་གི་འཕྲིན་ལས། དེ་བཞིན་གཞིས་བྱེས་བོད་མི་ཡོངས་ཀྱི་ཆིལ་སྒྲིལ་དང་རྒྱབ་སྐྱོར་བཅས་ལ་བརྟེན་ ནས། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་མི་དམན་ཙམ་ཐོན་པའི་བཀའ་ དྲིན་མཚོན་ཕྱིར་བོད་མི་གནས་སྡོད་བྱེད་སའི་ས་གནས་ཚང་མ་ནས་མཆོད་འབུལ་གནང་གི་ ཡོད་པ་ལྟར། ཉིན་དེའི་ཞོགས་པའི་ཆུ་ཚོད་༩ པའི་སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧དཔལ་རྒྱལ་དབང་ཀརྨ་པ་དབུ་བཞུགས་ ཐོག ཀིརྟི་རིན་པོ་ཆེ་དང་། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེས་དབུས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུའི་ལས་བྱེད་རྣམ་པ། གཞན་ཡང་དྷ་སའི་ཉེ་འཁོར་གྱི་གྲྭ་ཚང་དང་བཙུན་དགོན་ཁག་གི་གྲྭ་བ་དང་བཙུན་མ། སློབ་ཕྲུག་དང་ས་གནས་མང་ཚོགས་བཅས་འདུ་འཛོམས་ཀྱིས་གཞུང་འབྲེལ་མཆོད་སྨོན་ལམ་ ཞིག་འཚོགས་སོང་ལ།

སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེས་གསུང་བཤད་གནང་སྐབས། བཀའ་ཤག་སྐབས་བཅུ་བཞི་པས་བཀའ་ཤག་གི་ལས་ཁུར་གནང་སྟེ་ལོ་གཉིས་འཁོར་གྱི་ཡོད་པ་ དང་། དུས་ཡུན་དེའི་རིང་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་བརྟེན་ནས་བོད་ནང་གི་ཛ་ དྲག་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་མ་སོང་བ་མ་ཟད། བོད་མི་༡༢༠ རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པ་ དེ་དག་དང་། གཞན་ཡང་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་ཚང་མའི་ ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཆོད་འབུལ་གནང་གི་ཡོད་སྐོར་དང་། བོད་མི་མི་རེ་ངོ་རེ་ནས་བོད་དོན་བདེན་མཐའ་གསལ་ཆེད་ཞབས་རིམ་གསོག་སྒྲུབ་གནང་ དགོས་པ་གལ་ཆེན་པོ་ཡིན་སྐོར། དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་གཏོར་བཤིག་གཏོང་བ་དང་། ཆོས་དད་རང་དབང་འཕྲོག་པ། དཔལ་འབྱོར་དབྱེ་འབྱེད་བྱས་པ་སོགས་ལ་བརྟེན་ནས་བོད་ནང་གི་བོད་མི་ཚོས་རང་ལུས་ མེར་སྲེག་གཏོང་གི་ཡོད་སྐོར་སོགས་གསུངས་སོང་།

2013_8_8_1ཁོང་ གིས་མུ་མཐུད་དུ་གསུང་དོན“བཀའ་ཤག་སྐབས་༡༤ པ་ལོ་གཉིས་འཁོར་བའི་རིང་བྱས་རྗེས་ཆེན་པོ་བཞག་པ་དེ་འདྲ་བྱུང་ཡོད་མ་རེད། གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་དང་བོད་མི་མང་གིས་ཕྱར་གྲུ་མཉམ་འདེགས་གནང་ བའི་ཐོག་ནས། ལོ་གཉིས་དེ་ལྷིང་འཇགས་པོའི་ཐོག་ནས་གནས་སོང་ཞེས་ཞུ་རྒྱུ་ཡིན། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྗེས་བོད་མིའི་སྤྱི་ ཚོགས་ནང་སེམས་ཁྲལ་ཆེན་པོ་བྱུང་ཡོད་རེད། བོད་ནང་གི་བོད་མི་ཚོ་ཡིན་ན་ཡང་སེམས་འཚབ་དང་དོ་སྣང་བྱས་ཡོད་རེད། རྒྱ་གཞུང་གི་ངོས་ནས་ཡིན་ན་ཡང་ལམ་ལྷོང་མ་སོང་ན་བསམ་སྟེ་རེ་བ་བརྒྱབ་ཡོད་རེད། རྒྱལ་སྤྱིའི་ཐོག་ནས་ཀྱང་བཙན་བྱོལ་སྒྲིག་འཛུགས་འདི་མང་གཙོའི་ལམ་ལུགས་ཤིག་ ཡིན་མིན་ལ་ཚོད་ལྟ་བྱས་ཡོད་རེད། ཡིན་ན་ཡང་བཀའ་བློན་རྣམ་པས་གཞིས་ཆགས་ཁག་དང་ཕྱི་རྒྱལ་ཁག་ལ་ཕྱོགས་བསྐྱོད་བྱས་ སྐབས། བོད་མི་ཚང་མས་རྒྱབ་སྐྱོར་དང་རྡོག་རྩ་ཆིལ་བསྒྲིལ་སྔར་ནང་བཞིན་བྱེད་ཀྱི་ཡོད་ པ་དེ་གཟི་བརྗིད་ཅིག་རེད”་ཅེས་གསུངས་སོང་།

མཐར་ཁོང་གིས་༧གོང་ས་མཆོག་གི་དགོངས་གཞི་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ སྲིད་ཇུས་དབུ་མའི་ལམ་ལ་འགྱུར་བ་མེད་སྐོར་དང་། དབུ་མའི་ལམ་གྱི་སྲིད་ཇུས་ལ་བརྟེན་ནས་འཛམ་གླིང་མི་མང་གིས་བོད་དོན་ལ་རྒྱབ་ སྐྱོར་བྱེད་ཀྱི་ཡོད་སྐོར། དེ་བཞིན་དབུ་མའི་ལམ་གྱི་ཐོག་ལ་སྔར་ལྷག་ཤུགས་བརྒྱབ་སྟེ་འབྲེལ་མོལ་གྱི་ལམ་ནས་ བོད་དོན་བདེན་མཐའ་གསལ་ཆེད་འབད་བརྩོན་གནང་རྒྱུ་ཡིན་སྐོར་དང་། བཀའ་ཤག་སྐབས་༡༤ པས་ད་ལྟའི་བར་འབྲེལ་མོལ་ཚོགས་ཆུང་ཐེངས་༣ འཚོགས་ཡོད་པ་དང་། ཐེངས་༤ པ་དེ་ཕྱི་ཟླ་༩ པའི་ནང་འཚོག་འཆར་ཡོད་སྐོར་སོགས་གསུངས་སོང་།

མཐའ་མའི་བསྐྱར་བཅོས། ( ‘2013, 08, 9’ )

Share this:
༡༡༩ ཀློག་གྲངས།