བསྟན་འཛིན་ཆོས་འཕེལ།

མི་རིགས་ཤིག་གི་སྐད་ཡིག་ནི་མི་རིགས་དེའི་སྲོག་འཚོའི་ཟུངས་ཁྲག་དང་གཅིག་ཏུ་མཚུངས་པས། གཅེས་པར་འོས་པའི་མཐོ་སྒང་གདོང་དམར་བའི་སྐད་ཡིག་འདིའང་རྩམ་ཟན་ཀུན་གྱིས་ཅིས་ཀྱང་རང་གི་ཚེ་སྲོག་ལྟར་བདག་གཅེས་བྱེད་དགོས་ངེས་རེད། རྒྱུ་མཚན་ནི། འདི་ཡིས་མཐོ་སྒང་གི་ལེགས་སྐྱེས་ཡོད་ཚད་ཟིན་ཡོད་ལ། འདི་ཡིས་སྐྱེ་འགྲོ་ཡོངས་སུ་ནད་ལ་སྨན་བཞིན་མཁོ་བའི་ཤཱཀྱའི་གསུང་གི་བདུད་རྩིའང་ཟིན་ཡོད་པས་སོ། །གལ་ཏེ། སུ་ཞིག་གིས་རང་ཉིད་ལ་སྐད་ཡིག་བདག་གཅེས་བྱེད་པའི་འགན་འཁྲི་མེད་པ་ལྟ་བུའི་གོ་མེད་ཚོར་མེད་ཀྱིས་གཉའ་བ་དུད་པ་དང༌། རང་ཁ་རང་གསོ་ཙམ་གྱིས་ཆོག་ཤེས་ལ་འཛིན་པའི་སྤྱི་སེམས་བོར་ན། དེ་ནི་བསམ་བརྗོད་ལས་ཡོངས་སུ་འདས་པའི་ཀླ་ཀློའི་བསམ་བློ་ཀུན་སྤྱོད་ལ་ཤན་ཞུགས་པའི་རྨོངས་པ་དང༌། མུན་ནག་གི་ཡུལ་ལ་གྱར་སོང་བ་རེད། དེ་ལས་ལྡོག་སྟེ་རང་མི་རིགས་ཀྱི་སྐད་ཡིག་ནི་ལུས་དང་གྲིབ་མའི་ངང་ཚུལ་བཞིན་རྟག་ཏུ་མཉམ་གནས་དང་འགྲོག་འདྲིས་ཀྱི་བྱང་ཤ་ཆོད་དགོས་པ་གལ་འགངས་ཤིན་ཏུ་ཆེ། དེ་ནི་བོད་མི་ཡོད་དོ་ཅོག་གི་ཕྲག་སྟེང་དུ་བབས་པའི་འོས་འགན་ཞིག་ཡིན་ལ། ལེགས་འགྲུབ་ཀྱི་འབྲས་བཟང་གཡུར་དུ་ཟ་བའི་བྱ་གཞག་ཅིག་ཀྱང་རེད། འདི་ནི་ངོས་ཀྱི་སེམས་ཁོང་ན་དྲག་ཏུ་འཕྱུར་བའི་འབོད་སྒྲ་དེ་ཡིན།།

Share this:
༢༥ ཀློག་གྲངས།