འབའ་ཐང་གི་ལོ་རྒྱུས་སྲིད་པ་རྒན་པོའི་ངག་སྒྲོས་སེམས་ཀྱི་ཉི་ཟླ།

    ཉིན་དེའི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་དགེ་བཤེས་བེ་རི་འཇིག་མེད་དབང་རྒྱལ་ལགས་ཀྱིས་བོད་སྤྱིའི་ལོ་རྒྱུས་དང༌། ལུང་ཚན་སོ་སོའི་ལོ་རྒྱུས་སོགས་ཡིག་ཐོག་ཏུ་འགོད་ཐབས་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུང་སྐབས། ཁོང་གིས་མ་འོངས་པར་ཡང་ལུང་ཚན་སོ་སོའི་དཔོན་ཁག་དང༌། སྡེ་ཁག བླ་མ། དགོན་པ་ལ་སོགས་ཀྱི་ལོ་རྒྱུས་ཐོག་ང་ཚོའི་ཆབ་སྲིད་ཀྱི་ཆེད་དུ། ལོ་རྒྱུས་ཀྱི་ཆེད་དུ། མི་རིགས་ཀྱི་ཆེད་དུ་ཚང་མས་འགན་ལེན་རོགས་ཞེས་གསུངས་ཡོད་པ་རེད། བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུང་དོན། རྒྱ་ནག་གིས་ད་ལྟ་བར་དུ་བོད་ཀྱི་ལོ་རྒྱུས་ཐོག་རྫོང་རེ་རེ་བཞིན་དུ་ལོ་རྒྱུས་ཤོག་ལྷེ་གཅིག་སྟོང་ཅན་དང༌། གཅིག་སྟོང་ལྔ་བརྒྱ་ཅན་བྲིས་ཡོད་པ་རེད།ཡོངས་རྫོགས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་ལོ་རྒྱུས་འཁྱོག་བཤད་བྱས་ཡོད་པས། དེ་ཚོར་ལན་གསལ་བོ་ཞིག་དེབ་འདིའི་ནང་དུ་འཁོད་ཡོད་པ་དང༌། འབའ་པ་བོད་གཞུང་དང་འབྲེལ་བ་ག་འདྲ་ཆགས་ཡོད་མེད་སྐོར་སོགས་གསལ་པོ་འཁོད་ཡོད་པ་རེད་ཅེས་གསུངས་སོང༌། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་སྤྱིར་བོད་ཀྱི་ལོ་རྒྱུས་དེ་ད་ལྟ་ཆོས་དང་ཆབ་སྲིད་གཉིས་ཀྱི་ཐོག་ནས་གནད་འགག་ཆེན་པོ་ཆགས་ཡོད་པ་རེད། རྒྱ་ནག་གིས་ང་ཚོའི་དགོན་པ་དེ་ཚོ་གཏོར་སྟངས་ཧང་སང་བ་ཆགས་བསྡད་ཡོད་པ་རེད། ང་ཚོས་དེ་ཚོ་ཡིག་ཐོག་ཏུ་བཞག རྒན་པ་ཚོས་ལོ་གཞོན་པ་ཚོར་འགྲེལ་བཤད་རྒྱག་དགོས་པ་རེད། དེ་འདྲ་བྱས་ན་ཁོང་ཚོར་དེ་ལ་ཡིད་ཆེས་སླེབས། སེམས་ཤུགས་སླེབས་པ་ཆགས་ཀྱི་རེད། དེབ་འདི་འདྲ་ཞིག་བརྩམས་ནས་པར་བསྐྲུན་བྱེད་ཐུབ་པར་རྗེས་སུ་ཡི་རང་ཡོད། ཚང་མས་ཐུགས་སྣང་ཆེན་པོས་དེབ་འདི་དང༌། འདི་ཙམ་དུ་མ་ཟད་ྋགོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་དེབ་མང་པོ་ཡོད་པ་རེད། ཀློག་མཁན་ཉུང་བའི་སྐྱོན་ལས་དེབ་ཉུང་བའི་སྐྱོན་ཕལ་ཆེར་མི་འདུག སྔོན་མ་དེབ་དཀོན་པོ་རེད། དེང་སང་ཡར་རྒྱས་སོང་ཡོད་པ་རེད། བོད་རིགས་ཚང་མས་དོ་སྣང་བྱེད་རོགས་ཞེས་གསུངས་ཡོད་པ་རེད།
དེབ་དེའི་ནང་དུ་སྤྱིར་བོད་སྤྱིའི་ལོ་རྒྱུས་རགས་ཙམ་གླེང་བ་དང༌། ཁམས་ཀྱི་ལོ་རྒྱུས་རགས་ཙམ་གླེང་བ། བྱེ་བྲག་ཏུ་འབའ་སྡེ་མངའ་རིས་ཞིང་ཁམས་སྤྱིའི་སྣོད་བཅུད་ཀྱི་བཀོད་པ། འབའ་སྡེ་མངའ་རིས་ཞིང་ཁམས་ཀྱི་མངའ་ཁོངས་རང་བྱོན་མི་འགྱུར་བསམ་གྲུབ་ཞིང་སྐོར་རྫོང་གི་སྣོད་བཅུད་ཀྱི་བྱུང་བ་བརྗོད་པ། ཆོས་སྡེ་ཆེན་པོ་འབའ་འཛིན་དགོན་བདེ་ཆེན་ཆོས་གླིང་གི་བྱུང་བ་བརྗོད་པ། འབའ་སྡེ་དང་འབྲེལ་བའི་ལོ་རྒྱུས་དམག་འཁྲུག་ཇི་བྱུང་གི་སྐོར། རང་བྱོན་རྫོང་གི་སྡེ་ཤོག་བཅོ་ལྔ་དང་འབའ་འཛིན་དགོན་བདེ་ཆེན་ཆོས་གླིང་གི་སེར་སྐྱ་ཡོངས་ནས་རྒྱ་དམར་དང་འཁྲུག་འཛིང་ཐེངས་མང་བྱས་པའི་ཁྲག་དང་མིག་ཆུའི་ལོ་རྒྱུས་ཡ་ང་བ་སོགས་ཀྱི་བརྒྱུད་རིམ་ཞིབ་ཕྲ་བྲིས་ཡོད་པ་མ་ཟད། འབའ་ཐང་གི་ཡུལ་ལྗོངས། བསང་གསོལ་རྟ་རྒྱུག་གི་དུས་ཆེན་སོགས་དང་འབྲེལ་བའི་འདྲ་པར་ཁག་ཅིག་ཀྱང་བཀོད་ཡོད་པ་རེད།།

Share this:
༢༠༨ ཀློག་གྲངས།