བསླབ་གཞིའི་རྩ་འཛིན་གྱི་གཞི་རྩའི་ལམ་སྟོན་རགས་ཟིན།

        དེའི་སྐོར་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་སྡེ་ཚན་གྱི་ཟུང་དྲུང་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་བྱས་པར། ཁོང་གིས་གཞི་རིམ་བར་མའི་སློབ་གཞི་རྩ་འཛིན་བཟོ་འགོད་ཀྱི་ལས་གཞི་དང་པོ་ཡོང་སྟངས་དེ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་ནས་ཡོང་བ་རེད། ཤེས་ཡོན་སྲིད་བྱུས་༢༠༠༤ ལོའི་ཕྱི་ཟླ་༩ པའི་ནང་གྲོས་ཚོགས་ནས་གཏན་འབེབས་གནང་བ་དང༌། དེའི་ནང་གལ་ཆེ་ཤོས་གཅིག་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སློབ་གྲྭ་ཁག་གི་སློབ་ཚན་གྱི་རྩ་འཛིན་ཚང་མ་བསྐྱར་དུ་འཆར་འགོད་དང་བཟོ་འགོད་བྱེད་དགོས་པ་དེ་གཞི་གཅིག་ཆགས་བསྡད་ཡོད་པ་རེད་ཅེས་དང༌། ཚོགས་ཆུང་བཙུགས་ནས་སྔོན་འགྲོ་དང་གཞི་རིམ་འོག་མ་འཛིན་གྲྭ་ལྔ་པའི་བར་གྱི་སློབ་གཞིའི་རྩ་འཛིན་བཟོ་འགོད་བྱས་པ་དེ་བཀའ་ཤག་གིས་མཐའ་མའི་གཏན་འབེབས་གནང་ནས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་དང་རང་སྐྱོང་གི་ཤེས་ཡོན་སྡེ་ཁག་ཚང་མ་ལ་བཀོད་ཁྱབ་ཅིག་བསྩལ་ཡོད་པ་རེད། དེའི་ནང་གཙོ་བོ་འཛིན་གྲྭ་ལྔ་པའི་བར་སློབ་ཚན་ག་རེ་བསླབ་དགོས་པ་རེད། སློབ་ཚན་སློབ་སྟངས་ལ་ལམ་སྟོན། སློབ་ཁྲིད་ཐབས་ལམ། སློབ་ཚན་འཆར་འགོད་གནང་སྟངས་སོགས་རགས་རིམ་ཞིག་གནང་ཡོད་པ་རེད། ༢༠༠༨ ལོའི་ཟླ་༧ ཚེས་༢༠ ཉིན་བཀོད་ཁྱབ་དེ་བཏང་ཡོད་པ་རེད། དེ་རྗེས་ཁོངས་སོ་སོ་ནས་ལག་ལེན་གནང་གི་ཡོད་ཤག་རེད། དེ་རྗེས་ཟླ་བ་ལྔ་དྲུག་ཅིག་འགོར་ཡོད་པ་དང༌། ད་ལྟའི་བར་དུ་ལག་ལེན་ག་རེ་གནང་གི་ཡོད་བསྐྱར་ཞིབ་གནང་ཐུབ་ཡོད་པ་མ་རེད་མོད། ལག་ལེན་གནང་སྟངས་སྐོར་ཤེས་རིག་ལས་ཁུངས་ནས་བཀོད་ཁྱབ་བཏང་ཡོད་པ་རེད་ཅེས་དང༌། དེ་རྗེས་གཞི་རིམ་བར་མར་འཆར་གཞི་འགོ་བཙུགས་ཚར་བ་རེད། ཚོགས་ཆུང་བཞི་འཆར་འགོད་བྱས་ཡོད་པ་རེད། ཚོགས་ཆུང་གཅིག་བཙུགས་ནས་ལས་དོན་སྒྲུབ་བཞིན་པ་ཡིན། སློབ་གཞིའི་རྩ་འཛིན་ལམ་སྟོན་གྱི་སྒྲོམ་གཞི་གཏན་འབེབས་གནང་རྒྱུའི་ལས་འགན་རེད། ༢༠༠༩ ལོའི་ཟླ་༤ པའི་བར་དེ་གཏན་འབེབས་རོབ་ཙམ་ཚར་ན། སློབ་ཚན་གཞིར་བཟུང་སྐད་ཡིག་གི་ཚོགས་ཆུང་གཅིག ཚན་རིག་དང་ཨང་རྩིས་ཀྱི་ཚོགས་ཆུང་གཅིག སྤྱི་ཚོགས་རིག་གནས་ཀྱི་ཚོགས་ཆུང་གཅིག ལུས་རྩལ་དང་ཟློས་གར་སྐོར་གྱི་ཚོགས་ཆུང་གཅིག་བཅས་བསྡོམས་པའི་ལྔ་ཡོད་པ་རེད་ཅེས་གསུངས་སོང༌།
    ཤེས་རིག་ལས་ཁུངས་ཀྱི་བཀོད་ཁྱབ་དེའི་ཁྱབ་ཁོངས་ནང་སློབ་གྲྭ་ཁག་ཡོངས་རྫོགས་ཡོད་མེད་སྐོར་དྲིས་པར། ཁོང་གིས་ད་ལྟའི་བཀོད་ཁྱབ་དེ་བོད་སློབ་འཛིན་ཚོགས་ཕུད་པའི་བོད་པའི་སློབ་གྲྭ་ཚང་མ་ལ་བཏང་ཡོད། བོད་སློབ་འཛིན་ཚོགས་ནང་ད་ལྟ་གཏོང་བདེ་བོ་ཞིག་ཆགས་མི་འདུག་མོད། རྒྱ་གར་ཡིན་ནའང་༢༠༠༥ ལོའི་གཞི་རིམ་འོག་མའི་སློབ་གཞི་རྩ་འཛིན་ལ་བསྐྱར་ཞིབ་ཅིག་གནང་ཡོད་པ་རེད། དེ་སྔོན་མ་དང་བསྡུར་ན་ང་ཚོའི་ད་ལྟའི་དེ་དང་མཐུན་དུ་སོང་འདུག བོད་ཁྱིམ་དང་སམ་བྷོཊ་ཚང་མར་བཀོད་ཁྱབ་དེ་བཏང་ཡོད་རེད་ཅེས་འགྲེལ་བརྗོད་གནང་སོང༌།
    རྒྱ་གར་གྱི་སློབ་ཚན་བསྐྱར་ཞིབ་སྐོར་ལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་ལམ་སྟོན་ཡོད་སྐོར་དང་འབྲེལ་བའི་སྐོར་དྲིས་པར། ཁོང་གིས་གཞི་རིམ་གོང་མའི་སྐོར་དེ་རྒྱ་གར་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་རྗེས་སུ་འབྲངས་བསྡད་པ་ལས། ང་ཚོས་ལག་པ་འཆང་མྱོང་ཡོད་པ་མ་རེད། འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནང་གི་བོད་ཡིག་ཚོགས་ཆུང་ནང་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཅིག་དང༌། ཡང་ན་ཚོགས་མི་ཞིག་དགོས་ཀྱི་འདུག་ཅེས་མང་པོ་ཞུས་པ་རེད་མོད། འབྲས་བུ་བྱུང་ཡོད་པ་མ་རེད། ན་ནིང་ནས་ཤེས་རིག་བཀའ་བློན་དང་དྲུང་ཆེ་གཉིས་ཀྱིས་ཕྱག་ཡིག་ཞིབ་ཕྲ་བྲིས་ནས། ཡིག་ངག་གཉིས་ཐོག་ནས་རྒྱ་གར་མིའི་ནུས་ཤུགས་ལས་ཁུངས་ལ་ཡར་ཞུ་བྱས་པ་རེད། འབྲིང་རིམ་ཤེས་ཡོན་ཚོགས་ཆུང་གི་ཡིག་ཚད་སྐོར་ལ་དོན་ཚན་མང་པོ་ཞུས་ཡོད་པ་རེད། ཡིག་ཚད་སྐབས་བོད་པའི་རྒྱུག་འབྲས་ཡག་པོ་ཡོང་གི་འདུག་མོད། དོན་དངོས་བོད་མིར་ཤེས་ཡོན་མི་འདུག་ཅེས་སྤྱི་ཚོགས་ནང་ཡོངས་གྲགས་རེད། ཡིག་ཚད་གཏོང་སྟངས་ཚད་ལྡན་མ་ཡིན་པའམ། ཕྲུ་གུའི་ཤེས་ཚད་རྟོགས་མ་ཐུབ་པ་ཆགས་འདུག ཡིག་ཚད་ཀྱི་སྤུས་ཚད་འགྲིག་མི་འདུག་ཅེས་དོན་ཚན་མང་པོ་ཞུས་ཡོད་པ་རེད། ཟླ་བ་གཅིག་གི་རྗེས་ལ་ཡིག་ལན་སླེབས་སོང༌། ང་ཚོས་དགོས་འདུན་དོན་ཚན་གཉིས་བཏོན་ཡོད་པ་རེད། གཅིག་དེ་ང་ཚོའི་བོད་ཡིག་གི་སློབ་ཚན་བཟོ་སྐབས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བརྒྱ་ཆ་དགུ་བཅུ་གོ་དགུ་དེ་རེད་འདུག ཀློག་དེབ་བཟོ་རྒྱུ་དང༌། ཡིག་རྒྱུག་གཏོང་རྒྱུ་གཉིས་ཀ་ཤེས་རིག་ལས་ཁུངས་ལ་རྩིས་སྤྲོད་དང༌། ཁྱེད་ཚོར་སྒྲིག་གཞི་གང་ཡོད་པ་བཞིན་འགན་ཁུར་ཆོག དེ་ཡོང་གི་མེད་ན། རྒྱུག་ཞིབ་ཚོགས་ཆུང་དང༌། སློབ་ཚན་གཏན་འབེབས་ཀྱི་ཚོགས་ཆུང་གཉིས་ཤེས་རིག་ལས་ཁུངས་ལ་སྤྲད་རོགས་ཞེས་དོན་ཚན་གཉིས་ཞུས་པ་རེད། དེ་ལ་བློན་ཆེན་ལས་ཁུངས་ནས་རྒྱབ་གཉེར་གནང་ཡོད་པ་རེད། དེ་རྒྱ་གར་འབྲིང་རིམ་ཤེས་ཡོན་ཚོགས་ཆུང་སར་ཕར་སོང་ཡོད་པ་རེད། དེ་ནས་ཤེས་རིག་ལས་ཁུངས་ནས་སློབ་ཚན་གཏན་འབེབས་གནང་མཁན་གྱི་ཚོགས་ཆུང་མིང་འདོན་བྱས་ཏེ། རྒྱབ་གཉེར་གནང་ན་འགྲིག་གི་རེད། དེ་ནས་ཁོང་ཚོས་བསྐོ་ཡི་རེད་བརྗོད་པ་རེད། ང་ཚོས་རྒྱབ་གཉེར་གནང་ནས་ཚོགས་ཆུང་བཙུགས་པ་རེད། ཤེས་རིག་གི་སྐུ་ཚབ་གཅིག་ཡོད་པ་རེད། རྒྱ་གར་མི་གཉིས་ཡོད་པ་རེད། གཞན་པ་བོད་རིགས་རྐྱང་རྐྱང་རེད། ཚོགས་ཆུང་བཙུགས་པ་དང་དེ་ལ་བསྐྱར་ཞིབ་བྱེད་རྒྱུ་འགོ་བཙུགས་ཚར་བ་རེད། ཧོབ་སྟེ་འགོ་བཙུགས་པ་ཡིན་པས། ཀློག་དེབ་དང་ཚང་མར་ཉམས་ཞིབ་བྱེད་རྒྱུ་སོགས་ཕྱོགས་ཡོངས་ནས་འདོད་པ་ཁེངས་བ་ཞིག་བྱུང་ཡོད་པ་མ་རེད། ཡིན་ནའང༌། སློབ་ཚན་ཚང་མར་བསྐྱར་ཞིབ་བྱས་ནས་ཡོངས་ཁྱབ་གནང་ཡོད་པ་རེད། སྔོན་མའི་སློབ་དེབ་མཛད་རྣམ་ནང་ནས་དུམ་བུ་གཅིག ས་སྐྱའི་ལེགས་བཤད་ནས་དུམ་བུ་གཅིག ཡར་ནས་དུམ་བུ་གཅིག མར་ནས་དུམ་བུ་གཅིག་བསླབས་བསྡད་པ་རེད། ཤེས་རིག་ཚོགས་ཆེན་བཞི་པའི་སྐབས་ནས་སློབ་དེབ་ཚང་མ་ཕྱོགས་བསྒྲིགས་དགོས་ཀྱི་འདུག་ཅེས་གྲོས་ཆོད་ཅིག་ཀྱང་བཞག་ཡོད་པ་རེད། འཛིན་གྲྭ་དགུ་པ། བཅུ་པ། བཅུ་གཅིག བཅུ་གཉིས་བཅས་ཀྱི་སློབ་དེབ་ཚང་མ་ཚར་ཡོད་པ་རེད། རྒྱུག་ཞིབ་ཀྱི་སྐོར་ལ་ཤེས་རིག་ལས་ཁུངས་ནས་སུ་སུ་འོས་པ་འདུག་ཅེས་བོད་མི་ཉམས་མྱོང་ཡོད་མཁན་རྐྱང་རྐྱང་རྒྱབ་གཉེར་གནང་ཡོད་པ་རེད། ཕྱི་ཟླ་༣ པ་ནས་སྐད་ཡིག་གི་སློབ་ཚན་གསར་པ་དེ་འགོ་བཙུགས་རྒྱུ་རེད།
    བོད་པའི་སྐད་ཡིག་གི་སྐོར་ལས། སྤྱི་ཚོགས་ཚན་རིག་གིས་མཚོན་པའི་སློབ་ཚན་གཞན་ག་འདྲ་འགྲོ་དགོས་པ་རེད་ཅེས་དྲིས་པར། ཁོང་གིས་འཛིན་གྲྭ་དགུ་པ་ཡན་ཆད་ནས་སྤྱི་ཚོགས་རིག་གནས་དེ་ཚོར་ང་ཚོ་བོད་པས་ལག་པ་འཆང་རྒྱུ་ཁག་པོ་རེད། རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མིའི་ནང་དུ་ཡོང་སྲིད་ཀྱི་རེད་མོད། རྒྱ་གར་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་འོག་བོད་པའི་སློབ་གྲྭ་མ་རེད། རྒྱ་གར་སློབ་གྲྭ་མང་པོ་ཡོད་ཀྱི་རེད། དེར་བསྒྱུར་བཅོས་གཏོང་རྒྱུའི་དབང་ཚད་ང་ཚོར་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་གནང་སོང༌།
    བོད་གཞུང་གི་དྲ་གནས་སུ་གནས་ཚུལ་སྤེལ་བའི་ནང་འཁོད་དོན། གཞི་རིམ་བར་མའི་སློབ་ཚན་འཆར་གཞི་དང་བསླབ་གཞིའི་རྩ་འཛིན་བཟོ་འགོད་སླད། ཤེས་རིག་ལས་ཁུངས་ཀྱིས་ལས་གཞི་དང་སློབ་ཚན་ལ་གཞིགས་ཏེ་ཆེད་ལས་མཁས་པའི་ཚོགས་ཆུང་མི་འདྲ་བ་བཞི་འཆར་འགོད་གནང་ཡོད་པའི་ཁོངས། ཕྱི་ལོ་༢༠༠༨ ཟླ་༨ ནང་ཐོག་མའི་ཆར་བོད་ཁྱིམ་གཉིས་དང་སམ་བྷོ་ཊ་བཅས་ཀྱི་དགེ་རྒན་དང་ཤེས་ཡོན་འགན་འཛིན་ཐེ་བའི་ཚོགས་མི་༡༢ ཀྱིས་གྲུབ་པའི་བཙན་བྱོལ་བོད་མིའི་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་བསྐོ་འཛུགས་གནང་ཡོད། ཚོགས་ཆུང་འདིས་འཆར་ཟིན་ལྟར་འདི་ལོའི་ཕྱི་ཟླ་༤ པ་ཡས་མས་སུ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་གྱི་གཞི་རྩའི་ལམ་སྟོན་རགས་ཟིན་བཟོ་འགོད་གནང་འཆར་རེད།
    དེ་སྔོན་ཕྱི་ལོ་༢༠༠༦ ལོར་ཤེས་རིག་ལས་ཁུངས་ཀྱིས་བསྐོ་འཛུགས་གནང་བའི་སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་གིས་བཟོ་འགོད་བྱས་པའི་འཆར་ཟིན་ལ་བཀའ་ཤག་གིས་མཐའ་མའི་གཏན་འབེབས་གནང་ཡོད། ཕྱི་ལོ་༢༠༠༨ ཕྱི་ཟླ་༧ ཚེས་༢༠ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སྔོན་འགྲོ་ནས་གཞི་རིམ་འོག་མའི་བར་གྱི་སློབ་ཚན་ཚང་མའི་བསླབ་གཞིའི་རྩ་འཛིན་ཞེས་པའི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་རྩ་འཛིན་དེབ་ཆུང་འགྲེམས་སྤེལ་དང་སྦྲགས་གཏན་ཉིན་སློབ་གྲྭ་ཡོངས་སུ་རྩ་འཛིན་དེ་ལག་བསྟར་དམ་དོན་དགོས་པའི་བཀོད་ཁྱབ་གནང་ཡོད་འདུག་ཅེས་འཁོད་ཡོད་པ་རེད། །

Share this:
༡༢༦ ཀློག་གྲངས།