བལ་ཡུལ་དུ་ལོ་སར་གཏོང་མིན་སྐོར་གྱི་བསམ་ཚུལ།

ཉིན་གཉིས་ཀྱི་རིང་བལ་ཡུལ་མཆོད་རྟེན་ཁུལ་གྱི་བོད་མི་༦༢༢ ལ་ལོ་སར་གཏོང་རྒྱུ་ཡིན་མིན་སྐོར་གྱི་བསམ་ཚུལ་བསྡུ་རུབ་བྱེད་སྐབས། ལོ་སར་གཏོང་རྒྱུ་མིན་ཟེར་མཁན་༥༢༦ དང༌། ལོ་སར་གཏོང་རྒྱུ་ཡིན་ཟེར་མཁན་མི་༡༠ རྟེན་འབྲེལ་ཙམ་བྱེད་ཀྱི་ཡིན་ཟེར་མཁན་༣༩ ཧ་གོ་མ་སོང་ཟེར་མཁན་༤༧ བྱུང་ཡོད་པས་མང་མོས་ཀྱིས་ལོ་སར་གཏོང་རྒྱུ་མིན་པ་རེད།སྟབས།
    འདི་ལོ་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་ཆེད་འདན་མ་ས་ཁུལ་དུ་མི་མང་པོ་ཞིག་ལྷ་སར་དགའ་སྟོན་ཞབས་བྲོ་འཁྲབ་སར་འགྲོ་དགོས་པ་བཙན་སྐུལ་བྱས་ཀྱང༌། མི་མང་གིས་དེར་ངོ་རྒོལ་སྐད་འབོད་བྱས་རྐྱེན་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་མུས་སུ་ཡོད་མོད། འདི་ལོར་བོད་མི་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་བལ་ཡུལ་གངས་ཅན་བདེ་རྩ་ནས་བལ་ཡུལ་ཁུལ་གྱི་སློབ་གྲྭ་ཁག་ལ་བོད་གཞས་གསར་རྙིང་བཞི་རེ་དང་ནཱེ་པ་ལའི་བྲོ་གཞས་གཉིས་རེ་བཅས་གྲ་སྒྲིག་བྱེད་དགོས་སྐོར་བཏང་ཡོད་འདུག
    སྤྱིར་བོད་མི་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་འདི་བཞིན་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ཏེ་སེར་སྐྱ་ཕོ་མོ་འབུམ་ཕྲག་མང་པོ་དམར་གསོད་དང༌། ྋགོང་ས་མཆོག་དང་བོད་གཞུང་བཅས་པ་འུ་ཐུག་ཐབས་ཟད་ཀྱིས་རང་ཡུལ་ཤོར་ནས་མི་ཡུལ་དུ་སྐྱབས་བཅོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ཞིག་ཡིན་པ་ལས་དགའ་འོས་པའི་གླུ་ལེན་དང་སྐྱིད་པའི་གར་འཁྲབ་བྱེད་དགོས་པའི་དུས་དྲན་ཞིག་མིན་སྟབས། བཀའ་དྲུང་ཡིག་ཚང་ནས་ལྔ་བཅུའི་དུས་དྲན་སྲུང་བརྩི་ཞུ་ཕྱོགས་ཐད་བསྩལ་པའི་བཀའ་ཡིག་ནང༌། དགའ་སྟོན་སྤྲོ་སྐྱིད་དང༌། འཆར་ཅན་ཆོ་ག་ཕྱག་ལེན་ལྟ་བུ་མ་ཡིན་པར་བོད་མིའི་བཟོད་དཀའི་དཀའ་སྡུག་ཇི་མྱོང་གི་གནས་བབ་གཞོན་སྐྱེས་མི་རབས་གསར་པའི་ཡིད་ངོར་འཇགས་ཐབས་བཅས་སོགས་གསལ་ཡོད།
    པེ་ཅིང་དུ་ཚུགས་པའི་རྒྱལ་སྤྱིའི་ཨོ་ལིམ་པིག་གི་དཔལ་འབར་རྒྱ་གར་གྱི་རྒྱལ་སར་ལྡི་ལིར་བརྒྱུད་སྤྲོད་བྱེད་སྐབས་བོད་པས་གཡག་གི་འཁྲབ་སྟོན་ཞིག་བྱས་ཡོད་པ་དེ་རྒྱ་གཞུང་ནས་ལྷ་སར་དྲིལ་བསྒྲགས་ལོག་པ་བྱས་པར་གཞིས་བཞུགས་བོད་མི་མང་པོ་ཞིག་བློ་ཕམ་བྱུང་ཡོད་ཚུལ་འདུག བལ་ཡུལ་མཆོད་རྟེན་ཁུལ་ཡབ་གཞིའི་བཟོ་གྲྭའི་གཞོན་སྐྱེས་ཁག་གཅིག་གིས་བཟོ་གཞིའི་བཏུང་ཆུ་ཡག་པོ་མེད་པའི་བཏུང་ཆུ་གསར་འདྲེན་གྱི་མཐུན་འགྱུར་དང༌། ཉམ་ཐག་བདེ་དོན་གྱི་ཆེད། མ་འོངས་པར་སྐད་འབོད་སྐབས་རྒྱལ་དར་དང་འཕྲེད་དར་ཉོ་བྱེད་བཅས་དགོས་དབང་དུ་མར་དམིགས་ཏེ་ལོ་སར་སྐབས་དཔལ་འབྱོར་འདུ་འགོད་ཀྱི་ཆེད་མཚན་ཚོགས་གོ་སྒྲིག་ཅིག་སྔ་ས་ནས་ཞུས་ཏེ་འཛིན་མང་པོ་ཞིག་བཙོང་ཡོད་མོད། བལ་ཡུལ་གྱི་མི་མང་བྱིངས་ནས་ལོ་སར་གཏོང་རྒྱུ་མིན་པའི་དགོངས་ཚུལ་མང་མོས་ཀྱིས་ཐག་གཅོད་བྱུང་བ་དང་སྟབས་བསྟུན་མཚན་ཚོགས་དེ་ཡང་ཕྱིར་བསྡུ་བྱས་ཡོད་འདུག ཟླ་འདིའི་ཚེས་༢༠ ཉིན་བལ་ཡུལ་ཁུལ་གྱི་དྭང་བླངས་སྐད་འབོད་བྱེད་མཁན་བོད་མི་ཁག་གཅིག་ནས་འདི་ལོའི་ལོ་སར་མི་གཏོང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད།།
བལ་ཡུལ་གསར་འགོད་པས།

Share this:
༢༤ ཀློག་གྲངས།