༢༠༠༨ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ།

ཟླ་འདིའི་ཚེས་༢༡ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༢༠༠༨ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་བཏོན་ནས་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང༌། ལོ་འཁོར་སྙན་ཐོའི་དེབ་དབྱིན་བོད་གཉིས་ཐོག་ནས་པར་བསྐྲུན་བྱས་ཡོད་པ་རེད། ལྟེ་གནས་ཁང་དེའི་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་འཁོད་དོན། ༢༠༠༨ ལོ་ནི་མཉམ་མེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་ལོ་ ༦༠འཁོར་བའི་དུས་དྲན་གྱི་ལོ་ཞིག་ཡིན། རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་འགན་ལེན་ཆེན་པོ་བྱེད་པའི་ལོ་དེར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་དམ་ཡིག་ནང་འཁོད་པའི་ཐོབ་ཐང་གཞིར་བཟུང་ཞི་བའི་ཐོག་ནས་རྔམ་སྟོན་ཁྲོམ་སྐོར་དང༌། འདུ་འཛོམས། སྐད་འབོད་སོགས་གནང་མཁན་གྱི་བོད་མིར་ཁ་བྲལ་རིང་ལུགས་ལ་རྡུང་རྡེག་ཚ་ནན་གཏོང་བའི་སྲིད་བྱུས་ཀྱི་རྒྱབ་ལྗོངས་འོག་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་མངོན་སུམ་འཛེམས་མེད་ཀྱིས་བོད་མི་ཞི་རྒོལ་བར་མེ་མདའ་བརྒྱབ་ནས་དམར་གསོད་བཏང་བ་དང༌། གང་བྱུང་འཇུ་བཟུང༌། དེ་བཞིན་གར་སོང་ཆ་མེད་དུ་གྱུར་བ། མནར་གཅོད་བཏང་སྟེ་རྐྱེན་འདས་སུ་གྱུར་བ། དྲང་བདེན་མིན་པའི་ཁྲིམས་ཆད་གཅོད་པ་སོགས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད། བོད་མིས་ཞི་བའི་ཐོག་ནས་རང་གི་མངོན་འདོད་ཕྱིར་བཏོན་པར་རྒྱ་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པ་དེས་བོད་མིར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་གཅིག་མཚུངས་ཀྱི་ཆེ་མཐོང་དང་ཁེ་ཕན། དེ་བཞིན་བོད་མིའི་ཚེ་སྲོག་གི་རིན་ཐང་ལ་བརྩི་འཇོག་ཡེ་ནས་མི་བྱེད་པ་ཡང་མངོན་ཡོད་ལ། སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་དང༌། མི་གཙོ་བོར་འཛིན་པ་ཟེར་བའི་གཏམ་བཤད་འདྲ་ཆགས་ཀྱི་སྲིད་བྱུས་དེའི་རྒྱབ་ཏུ་དྲག་གནོན་ཁོ་ནའི་ལམ་ནས་དབང་བསྒྱུར་བྱ་ཐབས་བྱེད་པའི་རྣམ་པ་ཕྱིར་ཁ་གསལ་མངོན་ཡོད་ལ། དྲག་གནོན་གྱི་ལམ་ནས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ཡང་མཚོན་ཡོད།
ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ནས་བཟུང་བོད་ཆོལ་གསུམ་གྱི་ས་ཁུལ་ཁག་ནང་བོད་མིས་གཞི་རྒྱ་ཆེ་བའི་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱི་སྤེལ་ཡོད། ཐེངས་འདིའི་བོད་མིའི་གཞི་རྒྱ་ཆེ་བའི་ལས་འགུལ་དེ་ནི་ ༡༩༥༩ ལོ་ནས་བཟུང་བོད་ནང་བྱུང་བའི་ཞི་རྒོལ་གྱི་ལས་འགུལ་ཆེ་ཤོས་དང༌། ས་གནས་མང་ཤོས། ལས་འགུལ་ནང་མཉམ་ཞུགས་བྱེད་ཚད་མང་ཤོས་ཤིག་ཆགས་ཡོད། བོད་ནང་བོད་མི་ཚོས་གཞི་རྒྱ་ཆེ་བའི་ཞི་རྒོལ་གྱི་ལས་འགུལ་དེ་ནི་གློ་བུར་དུ་བྱུང་བ་ཞིག་དང༌། གཞན་གྱི་འཆར་འགོད་དང་སྐུལ་སློང་བྱས་པའི་འོག་བྱུང་བ་ཞིག་མིན། དེ་ནི་ལོ་མང་རིང་རྒྱ་གཞུང་གིས་བོད་མིའི་ཐོག་འཛིན་པའི་དོན་དངོས་དང་ཁ་བྲལ་བའི་སྲིད་བྱུས་དང༌། བོད་མིའི་མངོན་འདོད་དང་འགལ་བའི་བྱ་ཐབས་བཙན་འགེལ་བྱས་པ་ལས་བྱུང་བ་ཞིག་དང༌། ལྷག་པར་དུ་བོད་ཀྱི་བདག་པོ་བོད་མི་ཚོར་རང་གི་ཡུལ་དུ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གང་ཡང་མེད་པ། བོད་མིའི་རང་དབང་ལ་བཀག་སྡོམ་དང༌། བོད་མིའི་སྲོལ་རྒྱུན་གྱི་གོམས་སྲོལ་ཁག་ལ་བཀག་སྡོམ་གྱིས་བརྩི་འཇོག་མེད་པ། བོད་མིའི་སེམས་ཁམས་སུ་དད་མོས་ཤིན་ཏུ་ཆེ་བའི་ྋགོང་ས་མཆོག་ལ་མཚན་སྨད་དང༌། བོད་ཀྱི་ནང་ཆོས་བསྟི་གནས་ཁག་ལ་དམ་དྲག་དང་ཆོས་བྱེད་མི་སྣ་འཇུ་བཟུང་དང༌། དགོན་པ་ནས་ཕྱིར་འབུད། བོད་མིའི་སེམས་ཁམས་ལ་རྨ་ཁ་བཟོ་བའི་བྱ་ཐབས་ངན་པ་ལག་བསྟར་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་སོགས་ཀྱིས་བོད་མི་རྣམས་འུ་ཐུག་སྟེ་མ་གྲོས་བསམ་པ་གཅིག་མཐུན་གྱི་རྒྱའི་དབང་བསྒྱུར་ལ་ཞི་བའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་སྤེལ་ཏེ་བོད་ཀྱི་གྲོང་ཁྱེར་ཁག་དང༌། གྲོང་རྡལ། ཞིང་འབྲོག་ཁུལ། དགོན་སྡེ། སློབ་གྲྭ། དེ་བཞིན་པེ་ཅིང་གྲོང་ཁྱེར་ནང་ཡོད་པའི་མི་རིགས་སློབ་ཆེན་སོགས་ནང་སྤེལ་ཡོད་ཅིང༌། དེ་ལྟར་གཞི་རྒྱ་ཆེ་བའི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ལ་ཆ་མཚོན་ན། ཞིང་པ་དང་འབྲོག་པ། གྲོང་མི། ཚོང་པ། སློབ་ཕྲུག གྲྭ་བཙུན། ལས་བྱེད་པ་བཅས་བོད་ཀྱི་ལས་རིགས་ཚང་མའི་མི་སྣ་འཛོམས་ཡོད་པ་དང༌། རང་ལོར་ཆ་མཚོན་ན་བགྲེས་སྲོང་དང༌། དར་མ། གཞོན་ནུ། རང་ལོ་ ༡༨ མ་སོན་པའི་ཕྲུ་གུ་བཅས་ཀྱང་མཉམ་ཞུགས་བྱས་ཡོད་པས་ད་ལྟའི་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་མཁྲེགས་བཟུང་ཅན་དེས་བོད་མི་རྣམས་ཀྱི་མངོན་འདོད་དང་འཚམས་ཀྱི་མེད་པ་གསལ་སྟོན་བྱས་ཡོད། བོད་མིའི་གཞི་རྒྱ་ཆེ་བའི་ཞི་རྒོལ་ལ་རྒྱ་གཞུང་གི་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་བོད་མི་ཞི་རྒོལ་བར་ཁ་གཏད་དེ་མེ་མདའ་བརྒྱབ་ནས་ཞི་རྒོལ་བྱེད་ཡུལ་དུ་ཤེས་རྟོགས་བྱུང་བ་ལྟར་ན། ཉུང་མཐར་བོད་མི་ ༡༢༠ ཙམ་རྐྱེན་འདས་སུ་གྱུར་ཡོད་ཅིང༌། ཞི་རྒོལ་བ་སྟོང་ཕྲག་བརྒལ་བར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང༌། བོད་མི་མང་དག་ཅིག་གར་སོང་ཆ་མེད་དུ་གྱུར་ཡོད། དེ་མིན་འཇུ་བཟུང་བྱས་པའི་བོད་མིར་བཀག་སྐྱིལ་བྱེད་ཡུལ་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་སྟེ་ལ་ལ་མནར་གཅོད་ནང་རྐྱེན་འདས་སུ་གྱུར་ཡོད་པ་དང༌། ལ་ལ་སེམས་ཁམས་མི་བདེ་བ་ཆགས་ཡོད་པ། མང་པོ་ཞིག་གཟུགས་པོ་གཅོང་ཅན་བཟོས་ཡོད། འདི་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོའི་བོད་ཆོལ་གསུམ་ནང་བྱུང་བའི་ཞི་རྒོལ་བ་བོད་མི་མི་གྲངས་ཉུང་མཐར་ ༦༥༠༠ཙམ་འཇུ་བཟུང་བྱས་ཡོད་པ་དང༌། དེའི་ནང་ནས་བོད་མི་ ༡༩༠ ཙམ་ལ་དྲང་བདེན་མིན་པའི་ཁྲིམས་ཆད་ལྗིད་པོ་བཅད་ཡོད་པ། ཁྲིམས་ཆད་ལོ་ཚད་མཐོ་ཤོས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་ཅིང༌། བོད་མི་དེ་དག་ཞི་བའི་སྐད་འབོད་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་གྱི་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་བོད་རང་དབང་རྩོད་ལེན་བྱེད་མི་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་ཡིན་ཡང༌། རྒྱ་གཞུང་གིས་བོད་མི་འདི་དག་ལ་ཚབས་ཆེ་བའི་ཉེས་དོན་ཉེས་གསོག་གི་ཉེས་མིང་བཏགས་ནས་ཁྲིམས་ཆད་བཏང་ཡོད་ཅིང༌། རྒྱ་གཞུང་རང་ཉིད་ཀྱི་ཉེས་ཁྲིམས་གཞིར་བཟུང་བྱས་ན་ཡང་དྲང་བདེན་གྱི་ཁྲིམས་ཆད་ཅིག་རྩ་བ་ནས་མིན་པ་དང༌། བོད་མི་འདི་དག་ལ་དག་འབུད་ཁྲིམས་རྩོད་པའི་སྲུང་སྐྱོབ་ཐོབ་ཐང་གང་ཡང་མེད་པར་རྡུང་རྡེག་ཚ་ནན་གཏོང་བའི་དགོངས་དོན་འོག་དངོས་ཡོད་ཀྱི་གནས་ཚུལ་དང་རྒྱབ་འགལ་གྱིས་ཉེས་དོན་ཉེས་གསོག་གི་ཉེས་མིང་འོག་ཁྲིམས་ཐག་བཅད་པ་ནི་ཡོངས་སུ་དོན་དངོས་དང་ཁ་བྲལ་བའི་ཁྲིམས་ཆད་བཅད་པ་ཞིག་ཆགས་ཡོད།
ལོ་འདིའི་ཟླ་ ༨ནང་པེ་ཅིང་དུ་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ལམ་ལྷོངས་ཡོང་ཆེད་བོད་ནང་སྔར་བས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང༌། ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་དང༌། ཨོ་རྩལ་འགྲན་ཚོགས་སྐབས་དམིགས་བསལ་དམ་དྲག་ཆེན་པོ་བྱས་ཏེ་བོད་མི་ཞིག་ཡིན་ཕྱིན་འགྲུལ་བཞུད་བཀག་སྡོམ་དང༌། ཕྱི་ཟླ་ ༦ ཚེས་ ༢༡ ཉིན་བོད་ཀྱི་རྒྱལ་ས་ལྷར་སར་ ༢༠༠༨ ལོའི་པེ་ཅིང་ཨོ་ལེན་ཕིཀ་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་སྤེལ་སྐབས་སྔོན་ཚུད་ནས་དཔལ་འབར་བརྒྱུད་སྤྲོད་ལམ་ལྷོངས་ཡོང་ཆེད་དྲག་གནོན་གྱི་ཐབས་ལམ་བེད་སྤྱོད་ཀྱིས་ལྷ་སར་དྲག་ཆས་ཉེན་རྟོག་དམག་མི་དང༌། སྤྱི་བདེ་ཉེན་རྟོག་པ་འབོར་ཆེན་བཀྲམ་ནས་བོད་མི་འདུ་འཛོམས་ཆེ་བའི་ཁྲོམ་གཞུང་དང༌། ལམ་མདོ་ཁག་ཏུ་དམ་དྲག་བསྐོར་གཡེང་གིས་ཞི་རྒོལ་ལ་དྲག་གནོན་གྱི་ཁ་གཏད་གཅོག་རྒྱུའི་དམག་གྲ་སྒྲིགས་ཡོད་པ་རེད། ཨོ་ལེམ་ཕིཀ་ལུས་རྩལ་འགྲན་ཚོགས་དང༌། དེ་བཞིན་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་ནི་མིའི་རིགས་ཀྱི་མཛའ་བརྩེ་དང༌། རང་དབང༌། འཆམ་མཐུན། དགའ་འབོད། ཞི་བདེ་སོགས་ཀྱི་མཚོན་རྟགས་རླབས་པོ་ཆེ་ཡིན་མོད། རང་དབང་དང་བྲལ་ཞིང་དྲག་རྡུང་འོག་དཔལ་འབར་བརྒྱུད་སྤྲོད་བྱེད་པ་ནི་ཨོ་ལེམ་ཕིཀ་སྙ ིང་སྟོབས་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་ལ། དྲག་གནོན་དང་དམ་དྲག་གི་ལམ་ནས་དཔལ་འབར་བརྒྱུད་སྤྲོད་བྱེད་པ་ནི་ཨོ་རྩལ་དཔལ་འབར་བརྒྱུད་སྤྲོད་དགོས་དམིགས་དང་ཡོངས་སུ་རྒྱབ་འགལ་དུ་གྱུར་ཡོད། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཐོག་ཨོ་རྩལ་དཔལ་འབར་བརྒྱུད་སྤྲོད་དང༌། ཨོ་རྩལ་འགྲན་ཚོགས་གཉེར་བ་ནི་ཨོ་རྩལ་ལོ་རྒྱུས་ནང་ངོ་གནོངས་དགོས་པ་ཞིག་ཆགས་ཡོད།
ཕྱི་ཟླ་ ༡༢ ཚེས་ ༩ ཉིན་རྒྱ་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་གྱུར་གཞུང་ལས་ཐིང་གི་འགོ་འཛིན་ཝང་ཀྲེན་གྱིས། བསྒྱུར་བཅོས་སྒོ་དབྱེའི་སྲིད་བྱུས་ལག་བསྟར་བྱས་པ་ནས་བཟུང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་བཞག་ལ་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་བྱུང་ཡོད་ཅིང༌། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལོ་རྒྱུས་ཐོག་དུས་སྐབས་ཡག་ཤོས་ལ་སླེབས་ཡོད། ཅེས་བརྗོད་ཡོད་པ་དང༌། རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཡིས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་པེ་ཅིང་དུ་ཚོགས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་༦༠ འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུར་སྤྲིངས་པའི་ཡི་གེའི་ནང༌།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང༌། མགྱོགས་མྱུར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་བྱེད་པའི་ནང་ང་ཚོས་སྔར་རྒྱུན་ལྟར་མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང༌།མི་དམངས་ཀྱི་འཚོ་གནས་ཐོབ་ཐང་དང་འཕེལ་རྒྱས་ཐོབ་ཐང་འགན་སྲུང་ཐུབ་པ་བྱ་རྒྱུ་དེས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པའི་གཙོ་གནད་ཐོག་འཇོག་དགོས་ཞེས་བཀོད་ཡོད་ཅིང༌། ཕྱི་ཟླ་ ༡༡ ཚེས་ ༤ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ནས་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་འཆར་གཞི་ཞེས་པ་ཞིག་གསལ་བསྒྲགས་བྱས་ཡོད་ཅིང༌། དེའི་ནང་སྲིད་གཞུང་ལས་དོན་དང༌། དམངས་གཙོ། ཁྲིམས་ལུགས། དམངས་དོན། བུད་མེད། བྱིས་པ། གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་ཐོབ་ཐང་བཅས་ཀྱི་ཐོག་ཡར་རྒྱས་གཏོང་སྐོར་བཏོན་ཡོད་ཀྱང༌། དེ་ནི་དྲིལ་བསྒྲགས་བྱེད་ཆེད་ཀྱི་རྒྱུ་ཆ་ཙམ་དང༌། ཕྱི་ལ་སྟོན་རྒྱུ་ཙམ་ལས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་གཞུང་རང་ཉིད་ཡིན་པས། ཐོག་མར་གཞུང་ཕྱོགས་ཀྱིས་སྤེལ་དང་སྤེལ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་ཐབས་ངན་པ་ལག་བསྟར་བྱེད་རྒྱུ་མཚམས་འཇོག་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་དམ་ཡིག་འབྲུ་དོན་ལ་སྲུང་བརྩི། མི་དམངས་ཀྱི་མངོན་འདོད་ལ་བརྩི་བཀུར། རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་སོགས་ནང་གསལ་བའི་སྤྱི་དམངས་ཀྱི་ཁེ་དབང་ཁག་ལ་བརྩི་འཇོག་བཅས་བྱ་རྒྱུ་ནི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་བའི་གཞི་རྩར་གྱུར་ཡོད།
ཕྱི་ལོ་ ༢༠༠༨ ལོ་ནི་རྒྱ་གཞུང་གིས་བོད་མི་མང་གིས་སྤེལ་བའི་ཞི་བའི་རྔམ་སྟོན་གྱི་ལས་འགུལ་ཁག་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་བོད་མི་ཞི་རྒོལ་བར་མེ་མདའ་བརྒྱབ་ནས་བསད་པ་དང༌། འཇུ་བཟུང་བྱས་ཏེ་ཉེས་རྡུང་མནར་གཅོད་ཚད་ལས་འདས་པ་བཏང་ནས་རྐྱེན་འདས་སུ་གྱུར་བ།
བོད་མི་གང་བྱུང་འཇུ་བཟུང་དང་གར་སོང་ཆ་མེད་དུ་གྱུར་བ། དྲང་བདེན་ཁྲིམས་བཤེར་གོ་རིམ་གང་ཡང་མེད་པར་བོད་མི་ཞི་རྒོལ་བར་ཉེས་མིང་འདྲ་མིན་བཏགས་ནས་ཚད་ལས་འདས་པའི་ཁྲིམས་ཆད་དང་དངུལ་ཆད་གཅོད་པ། བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་དང་དགོན་པ་སྒོ་རྒྱག་ཏུ་བཅུག་པ།
ཆོས་བྱེད་མི་སྣ་འཇུ་བཟུང་དང་དགོན་པ་ནས་ཕྱིར་འབུད་སོགས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད་ཅིང༌། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་ལས་ལྡོག་སྟེ་ཇེ་སྡུག་ཇེ་ཞན་དུ་ཕྱིན་ཡོད། ཕྱི་ལོ་ ༢༠༠༨ ལོར་བོད་ནང་དམ་དྲག་དང༌། ལྷག་པར་དུ་བོད་མིའི་འགྲོ་འོང་ཐོག་ཚོད་འཛིན་དང་བཀག་སྡོམ། ལམ་མདོ་ཁགས་མཚམས་ཁག་ལ་དམིགས་བསལ་དམ་དྲག་ནན་པོ་བྱས་པ། ཇོ་མོ་གླང་མའི་རི་གཤམ་དུ་མཐའ་མཚམས་སྤྱི་བདེ་མངགས་གཏོང་ཁང་གསར་འཛུགས། ཕྱི་ཟླ་ ༧ ནང་བོད་མི་གུང་ཁྲན་ཏང་ཡོན་དང༌། ལས་བྱེད་པའི་བུ་ཕྲུག་བཙན་བྱོལ་ནང་སློབ་གཉེར་དུ་བསྐྱལ་མི་ཆོག་པའི་སྒྲིག་ཁྲིམས་ཀྱི་ཆད་གཅོད་གཏན་འབེབས་གསལ་བསྒྲགས་བྱས་པ་སོགས་ཀྱི་འོག་བོད་ནས་བཙན་བྱོལ་དུ་བོད་མི་མི་གྲངས་ ༦༢༧ ལས་འབྱོར་མེད་པ་དང༌། དེ་ནི་འདས་པའི་ལོ་ཤས་ནང་བོད་ནས་བཙན་བྱོལ་དུ་ཡོང་བའི་གྲངས་འབོར་ཉུང་ཤོས་ཆགས་ཡོད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེགནས་ཁང༌། ༢༠༠༩།༡།༢༠ཉིན།

Share this:
༥༩ ཀློག་གྲངས།