ཤྲི་ལང་གའི་སྲིད་འཛིན་ས་གནས་གཞན་དུ་གྲོལ་ཡོད་པ་དང་ཚེས་༡༣ཉིན་ལས་གནས་ནས་དགོངས་པ་ཞུ་རྒྱུ་རེད་འདུག

ཟླ་འདིའི་ཚེས་༡༡་ཉིན་Hindustan དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཤྲི་ལང་གའི་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་སྐད་འབོད་དང་སྲིད་འཛིན་གྱི་ཕོ་བྲང་དུ་འཛུལ་ཡོད་པའི་སྟབས་ཀྱིས་སྲིད་འཛིན་གྷོ་དྷ་བྷ་ཡ་(Gotabaya Rajapaksa)ས་གས་གཞན་དུ་བྲོས་བྱོལ་ཕྱིན་ཡོད་པ་དང་ཟླ་འདིའི་ཚེས་༡༣ཉིན་ཁོང་ཉིད་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག ཤྲི་ལང་གའི་ཡུལ་དུ་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་ཧ་ཅང་ཆེན་མོ་འཕྲད་བཞིན་པར་བརྟེན། ལོ་འདིའི་སྤྱི་ཟླ་གསུམ་པ་ནས་བཟུང་མི་མང་གིས་ཞི་བའི་ཐོག་ངོ་རྒོལ་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་རིམ་པ་བྱས་ཡོད་ཀྱང་། ད་བར་དུ་མི་མང་གི་དགོས་འདོན་བཞིན་ཤྲི་ལང་གའི་སྲིད་འཛིན་ལས་གནས་ནས་དགོངས་པ་ཞུས་མེད་པ་དང་། ཟླ་འདི་ཚེས་༩ཉིན་མི་མང་སྟོང་ཕྲག་མང་པོས་སླར་ཡང་ངོ་རྒོལ་གྱིས་སྲིད་འཛིན་སྡོད་སའི་ཕོ་བྲང་གི་ནང་དུ་ཡང་འཛུལ་ཡོད་པའི་གནས་ཚུལ་ཐོན་འདུག ཤྲི་ལང་ག་ལ་དཔལ་འབྱོར་གྱི་མ་རྩ་རྡིབ་ཡོད་པ་དང་ཉེ་ཆར་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་དང་མཉམ་དུ་གྲོས་མོལ་བྱས་ཡོད་ཀྱང་གྲུབ་འབྲས་གང་ཡང་བྱུང་མེད་པའི་སྟབས་ཀྱིས་ཤྲི་ལང་གའི་སྲིད་འཛིན་མཆོག་བྲོས་བྱོལ་དུ་འགྲོ་རྒྱུ་ཐག་གཅོད་བྱེད་ཡོད་རབས་བརྗོད་འདུག་ལ་མི་མང་ཕོན་ཆེན་གྱིས་ངོ་རྒོལ་དང་སྲིད་འཛིན་གྱི་ཕོ་བྲང་དུ་བཙན་འཛུལ་བྱེད་པའི་དབང་གིས་ཤྲི་ལང་གའི་སྲིད་འཛིན་མཆོག་གིས་ཕོ་བྲང་བསྐྱུར་ནས་ས་གནས་གཞན་དུ་གྲོལ་དགོས་པ་ཆགས་ཡོད་འདུག ད་ལྟའི་ཆར་ཤྲི་ལང་གའི་སྲིད་འཛིན་གྱི་ཕོ་བྲང་དང་སྲིད་བློན་གྱི་སྡོད་གནས་གཉིས་ཀ་མི་མང་གིས་བདག་བཟུང་བྱེད་བཞིན་ཡོད་པ་དང་། ལས་འགུལ་སྣེ་ཁྲིད་པ་ཚོས་ཤྲི་ལང་གའི་སྲིད་འཛིན་དང་སྲིད་བློན་གཉིས་ཀ་ལས་གནས་ནས་དགོངས་པ་མ་ཞུའི་བར་དུ་ཁོང་ཚོ་ཕོ་བྲང་ནས་ཕྱི་ལ་འགྲོ་རྒྱུ་མིན་རབས་བརྗོད་འདུག ཤྲི་ལང་གའི་ཕོ་བྲང་དུ་ཡུལ་མི་ཡིས་ཁེངས་བཞིན་ཡོད་པ་དང་ལས་འགུལ་བ་མང་པོས་སྲིད་འཛིན་གྱི་རྐྱལ་རྫིང་གི་ནང་དུ་ཆུ་རྐྱལ་པ་དང་ལུས་རྩལ་ཁང་དུ་ལུས་སྦྱོང་བྱེད་པ། ཕོ་བྲང་གི་ནང་རོལ་དུ་རང་པར་སྐྱོན་པ་སོགས་ཀྱིས་སྲིད་འཛིན་གྱི་ཕོ་བྲང་ནི་ཡུལ་སྐོར་སྤྲོ་འཆམ་འགྲོ་ས་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག དེ་རིང་སྤྱི་ཚེས་༡༡་ཉིན་ཤྲི་ལང་གའི་སྲིད་བློན་གྱི་ལས་ཁུངས་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། དེའི་ནང་དུ་ཤྲི་ལང་གའི་སྲིད་འཛིན་མཆོག་རེས་གཟའ་ལྷག་པའི་ཉིན་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་རབས་བརྗོད་ཡོད་ཀྱང་། སྲིད་འཛིན་ཁོང་ཉིད་སྒེར་གྱིས་ངོས་ནས་ཚིག་གཅིག་ཀྱང་བརྗོད་མེད་པའི་གནས་ཚུལ་ཐོན་འདུག ད་ལྟའི་ཆར་ཤྲི་ལང་གས་རྒྱལ་སྤྱི་ཐོག་གི་ཚོགས་སྡེ་ཁག་དང་རྒྱལ་ཁབ་ཁག་ལ་བུ་ལོན་ཨ་སྒོར་ཐེར་འབུམ་༥༠་སྤྲད་རྒྱུ་ལྷག་སྡོད་ཡོད་པ་དང་། དེའི་ཁྲོད་ནས་ཨ་སྒོར་ཐེ་འབུམ་༢༨ཞིག་སྤྱི་ལོ་༢༠༢༧ ལོར་སྤྲད་དགོས་ཀྱི་ཡོད་འདུག་པ་བཅས་ཀྱི་གནས་ཚུལ་སྤེལ་འདུག ། གསར་འགོད་པ་བློ་བཟང་རྒྱ་མཚོ།

རྒྱུད་གྲྭ་སྟོད་སྨད་གཉིས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་སོང་།

༧གོང་ས་མཆོག་ནས་བརྟན་བཞུགས་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། འབྱུང་འགྱུར་མ་འོངས་པར་ད་དུང་ལོ་བཅུ་ཕྲག་གཅིག་གཉིས་རིང་ཏན་ཏན་བསྡད་ཀྱི་རེད། ཁྱེད་རང་ཚོ་མང་པོ་ཞིག་གི་མགོ་ལ་སྐྲ་དཀར་ཧ་ཅང་མང་པོ་འདུག་པ་མ་ཟད་མགོ་དམར་པོ་རེད་འདུག ངོས་རང་ལོ་བརྒྱད་ཅུ་གྱ་བདུན་གྱ་བརྒྱད་ལ་སླེབས་ཡོད་ཀྱང་། མགོ་དམར་པོ་ཕལ་ཆེར་ཆགས་ཀྱི་མེད། སྐྲ་དཀར་མང་པོ་མེད། དེར་བརྟེན་ངོས་རང་མུ་མཐུད་ནས་བོད་བསྟན་སྲིད་ཀྱི་དོན་དང་། བོད་ཙམ་མིན་པར་འཛམ་གླིང་སྤྱི་ལ་གང་ལ་གང་འཚམ་ཕན་ཐོགས་ཡོང་གི་འདུག་སྟབས་ངོས་ཀྱིས་སེམས་ཐག་བཅད་ནས་བྱེད་ཀྱི་ཡོད། ཁྱོད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ནས་བཞུགས་ཨང་ཞེས་བཀའ་སློབ་བསྩལ་གནང་འདུག  ༧གོང་ས་མཆོག་གིས་རྒྱུད་གྲྭ་སྟོད་སྨད་གཉིས་སོགས་ནས་ཡུན་རིང་གསོལ་འདེབས་ཞུས་པ་ལྟར། ཉིན་གཉིས་རིང་བདེ་མཆོག་ལཱུ་ཨི་ལུགས་ཀྱི་བཀའ་དབང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནང་གྲུབ་པ་དང་བསྟུན། ཉིན་གསུམ་པ་སྟེ་ཟླ་༧ པའི་ཚེས་༡༠ ཉིན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དང་རྒྱུད་སྟོད་གྲྭ་ཚང་གཉིས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།  དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་སྐབས་ཕོ་བྲང་གཟིམ་སྒོའི་འགྲམ་ནས་གྲྭ་ཚང་གཉིས་ཀྱི་མཁན་བླ་རྣམས་ནས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་མགོན་པོ་གང་ཉིད་མཆོག་བཞུགས་ཁྲིར་འཁོད་མཚམས་རྒྱུད་གྲྭ་གཉིས་ཀྱི་མཁན་པོ་གཉིས་ཀྱིས་སྟན་དཀར་རྡོ་རྗེ་བཞུགས་ཁྲིར་སྒྲོན་པ་དང་། བྱང་འདྲེན་གྱིས་གདན་འབུལ་བའི་ཚིགས་བཅད་གསུངས་པ་སོགས་བརྟན་བཞུགས་ཀྱི་ཆོ་ག་དབུ་འཛུགས་མཛད་པ་དང་། གསོལ་ཇའི་བར་གསེང་ནས་གསང་ཆེན་རྒྱུད་གྲྭ་སྟོད་སྨད་གཉིས་ནས་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་ཉིན་གཉིས་དང་བརྟན་བཞུགས་བཅས་ཀྱི་རྩིས་ཁྲ་སྙན་སྒྲོན་ཞུས་རྗེས་མཎྜལ་འདེགས་འབུལ་དང་འབུལ་མཚོན་སྤྱན་བསྟར། བཀའ་དྲིན་གཏང་རག་གི་མཎྜལ་ཕུལ་བ་སོགས་རིམ་པར་གནང་སོང་། སྐབས་དེར་༸གོང་ས་་མཆོག་གིས་བཀའ་སློབ་སྩལ་དོན། རྒྱུད་གྲྭ་སྨད་སྟོད་གཉིས་ཀྱིས་བརྟན་བཞུགས་གནང་བ་རེད། རྒྱུད་གྲྭ་སྨད་སྟོད་གཉིས་བསམ་གྱིས་མི་ཁྱབ་པ་རེད། ངོས་རང་སྒེར་གྱི་ངོས་ནས་ཆ་བཞག་ན་ངོས་རང་ཆུང་དུས་སྐབས་ནོར་བུ་གླིང་གར་རྒྱུད་སྟོད་དང་རྒྱུད་སྨད་ཀྱི་དགེ་འདུན་པ་ཕལ་ཆེར་བཅུ་བཅོ་ལྔ་རེས་མོས་ཀྱིས་འཆར་ཅན་ཡོང་གི་ཡོད་པས་དགོང་མོ་རྒྱུད་གཞུང་འདོན་པ་ངོས་ཀྱིས་འཆར་ཅན་གོ་བཞིན་ཡོད། དེར་བརྟེན་རྒྱུད་གྲྭ་སྨད་སྟོད་གཉིས་ཧ་ཅང་སེམས་ཐག་ཉེ་པོ་ཆགས་ཡོད། དེ་རིང་འདིར་རྒྱུད་གྲྭ་སྨད་སྟོད་ཐུན་མོང་གི་ཐོག་ནས་བརྟན་བཞུགས་གནང་བ་རེད། གང་ལྟར་སྲུང་མ་ཚོ་ཡང་ཏན་ཏན་མཉམ་དུ་འཚོགས་ཡོད་པ་རེད། གང་ཚེ་ཤིན་ཏུ་ཟབ་པའི་ཆོས་ཚུལ་ལ།། བསམ་བྱུང་བློ་ཡིས་ངེས་ཤེས་རྙེད་པའི་ཚེ།། ཚེ་འདིའི་འཁྲི་བ་ཆོད་པའི་བརྩོན་འགྲུས་ཀྱིས།། དབེན་པ་བསྟེན་ནས་ཚུལ་བཞིན་བསྒྲུབ་པར་ཤོག། ཅེས་སོགས་གསུངས་པ་ལྟར། གང་ལྟར་ཆོས་སྐྱོང་སྲུང་མ་ཚོས་ཀྱང་ལུས་དང་དྲི་མ་བཞིན་འགྲོགས་པའི་ཐོག་ནས་འཕྲིན་ལས་སྒྲུབ་པ་ངོས་ཀྱི་རྨི་ལམ་ལ་ཐེངས་མང་པོར་བཏང་མྱོང་། དེ་རིང་འདིར་རྒྱུད་གྲྭ་སྨད་སྟོད་གཉིས་ཀྱིས་བརྟན་བཞུགས་ཕུལ་བའི་སྐབས་སུ་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཚོ་ཏན་ཏན་འདིར་འདུས་ཡོད། མཐོང་ཆོས་ཀྱི་རྒྱུད་གྲྭ་སྨད་སྟོད་ཀྱི་མཁན་བླ་དགེ་འདུན་དམངས་དང་བཅས་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། མཐོང་ཆོས་སུ་མེད་པའི་དཔལ་ལྡན་ལྷ་མོ་དང་མགོན་པོ་ཕྱག་དྲུག་པ། དེ་ཡིས་མཚོན་པའི་དཀར་ཕྱོགས་སྐྱོང་བའི་སྲུང་མ་ངོས་རང་ཆུང་དུས་སྐབས་ནས་འདྲིས་པ་རྣམས་དེ་རིང་འདིར་འཚོགས་ནས་སེམས་ཁུར་ལྟ་བུ་ཐེབས་ནས་བསྡད་ཡོད། དེར་བརྟེན་འདིར་ བརྟན་བཞུགས་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། འབྱུང་འགྱུར་མ་འོངས་པར་ད་དུང་ལོ་བཅུ་ཕྲག་གཅིག་གཉིས་རིང་ཏན་ཏན་བསྡད་ཀྱི་རེད། ཁྱེད་རང་ཚོ་མང་པོ་ཞིག་གི་མགོ་ལ་སྐྲ་དཀར་ཧ་ཅང་མང་པོ་འདུག་པ་མ་ཟད་མགོ་དམར་པོ་རེད་འདུག ངོས་རང་ལོ་བརྒྱད་ཅུ་གྱ་བདུན་གྱ་བརྒྱད་ལ་སླེབས་ཡོད་ཀྱང་། མགོ་དམར་པོ་ཕལ་ཆེར་ཆགས་ཀྱི་མེད། སྐྲ་དཀར་མང་པོ་མེད། དེར་བརྟེན་ངོས་རང་མུ་མཐུད་ནས་བོད་བསྟན་སྲིད་ཀྱི་དོན་དང་། བོད་ཙམ་མིན་པར་འཛམ་གླིང་སྤྱི་ལ་གང་ལ་གང་འཚམ་ཕན་ཐོགས་ཡོང་གི་འདུག་སྟབས་ངོས་ཀྱིས་སེམས་ཐག་བཅད་ནས་བྱེད་ཀྱི་ཡོད། ཁྱོད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ནས་བཞུགས་ཨང་། རྒྱུད་པ་གྲྭ་ཚང་གཉིས་ནས་གཙོ་བོ་རྒྱུད་གཞུང་འཆད་ཉན་བྱེད་རྒྱུ་དེ་དག་འཆར་ཅན་ལྟ་བུར་མ་བརྩིས་པར་དངོས་གནས་འགྲེལ་བ་བཞི་སྦྲགས་སོགས་ཀྱི་དོན་དག་ལ་བསམ་བློ་ཡག་པོ་བཏང་ནས་ཤེས་ཐུབ་པ་ཞིག་དགོས། ངོས་རང་རྒྱ་གར་ལ་སླེབས་ནས་སྔགས་པ་གྲྭ་ཚང་ཚོས་གཞུང་ཆེན་བལྟ་དགོས་ཞེས་བརྗོད་པ་ཡིན། རྣམ་རྒྱལ་གྲྭ་ཚང་ལ་མཚོན་ནའང་བསྡུས་གྲྭ་ནས་བཟུང་གཞུང་ཆེན་བལྟ་འགོ་བཙུགས་པ་རེད། དེ་བཞིན་རྒྱུད་གྲྭ་སྨད་སྟོད་ལའང་རྒྱུད་གཞུང་འདོན་རྒྱུ་ཡོད་པ་གཅིག་པུ་མ་ཡིན་པར་གཞུང་ཆེན་མོའི་གྲས་ལ་ག་ཚོད་ཐུབ་ཐུབ་ཀྱིས་སློབ་གཉེར་་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཚང་མས་ཧུར་ཐག་གནང་ཤོག་ཨང་། གཞན་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།། ཨ་མ་བག་བྲོ་སྐུ་ཁམས་བཟང་། […]

ཉིན་གཅིག་ལ་ཉུང་མཐའ་བུད་མེད་གཅིག་དང་གཉིས་རང་ཤི་རྒྱག་གི་ཡོད་འདུག

ཟླ་འདིའི་ཚེས་༨ ཉིན་Telangana Today ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨབ་གྷ་ནི་སེ་ཐན་གྱི་ལུང་པའི་ནང་དུ་ཉིན་གཅིག་གི་ནང་དུ་ཉུང་མཐའ་ལ་བུད་མེད་གཅིག་དང་གཉིས་རང་ཤི་རྒྱག་གི་ཡོད་པའི་གནས་ཚུལ་འདུག

ཉི་ཧོང་གི་སྲིད་བློན་ཟུར་པ་ཤིང་ཛོ་ཨ་བྷེན་མེ་མདའི་རྨས་སྐྱོན་འོག་སྐུ་གྲོངས་ཡོད་འདུག

ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིང་ཛོ་ཨ་བྷེན་གྱིས་ཉི་ཧོང་ནུབ་རྒྱུད་ཀྱི་ན་ར་(NARA) གྲོང་ཁྱེར་དུ་མང་གཙོ་ཚོགས་པའི་འོས་བསྡུའི་དྲིལ་གྱི་གཏམ་བཤད་སྐབས། སྐྱེས་པ་ཞིག་གིས་ཁོང་ལ་མེ་མདའ་ཐེངས་གཉིས་བརྒྱབ་ནས་ས་འགྱེལ་བ་དང་མྱུར་སྐྱོབ་བྱེད་ཐབས་བྱས་ཀྱང་། སྐུ་གྲོངས་པའི་གནས་ཚུལ་འདུག

སྲིད་སྐྱོང་གིས་སྨན་རྩིས་ཁང་བོད་ཀྱི་སྨན་པའི་ལྷན་ཚོགས་ནང་གང་མགྱོགས་སླེབས་ཐུབ་པ་ཞུ་རྒྱུ་ཡིན་སྐོར་གསུངས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྨན་རྩིས་ཁང་གིས་སྒྲིག་འཛུགས་ཀྱི་ངོ་བོ་ཐོག་ནས་སྨན་དང་རྩིས་ཀྱི་སྡེ་ཚན་གཉིས་བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་དེ་འགྲིག་གི་མེད་པར་ངོས་འཛིན་ཞུ་ཡི་ཡོད། དེར་བརྟེན་སྨན་རྩིས་ཁང་གི་སྨན་དང་རྩིས་ཀྱི་སྡེ་ཚན་གཉིས་གང་མགྱོགས་བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་ནང་བསླེབ་ཐབས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག 

༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་ཞེས་པའི་འགྲེམས་སྟོན་ཁང་དབུ་འབྱེད།

ཕྱི་ཟླ་༧ པའི་ཚེས་༦ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་“༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་”ཞེས་པ་དེང་རབས་ཅན་གྱི་འགྲེམས་སྟོན་ཁང་གསར་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་དབུ་འབྱེད་གནང་སོང་།

དབྱིན་ཇིའི་སྲིད་བློན་དགོངས་པ་ཞུ་དགོས་པའི་དགོས་འདུན་བཏོན་འདུག

ཟླ་འདིའི་ཚེས་༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་མང་པོས་དབྱིན་ཇིའི་སྲིད་བློན་དགོངས་པ་ཞུ་དགོས་པ་ནན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

འཆི་མེད་ལྷ་མོ་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མིའི་འོས་འགྲན་ནང་བཞུགས་འདུག 

ཟླ་༧ པའི་ཚེས་༦ ཉིན་༧གོང་ས་མཆོག་གི་འཁྲུངས་སྐར་ཡིན་པ་དང་བསྟུན། བོད་དོན་འཐབ་རྩོད་པ་འཆི་མེད་ལྷ་མོས་བོད་མི་མང་པོ་གནས་སྡོད་བྱེད་ཡུལ་ཁེ་ན་ཌའི་ཊོ་རོན་ཊོ་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མིའི་འོས་མར་ལངས་རྒྱུའི་དེབ་སྐྱེལ་བྱས་འདུག་པ་དང་། སྐབས་དེར་བོད་མི་དང་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ཁོང་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཆེད་དུ་སླེབས་འདུག

ཨ་རི་དང་དབྱིན་ཡུལ་གཉིས་ཀྱིས་རྒྱ་ནག་ནི་སོ་མྱུལ་ལས་དོན་ལ་ཉེན་ཚབས་ཆེན་པོ་ཡོད་སྐོར་བརྗོད་འདུག 

ཨ་རི་དང་དབྱིན་ཡུལ་གྱི་གསང་བའི་ལས་ཁུངས་གཉིས་ཀྱིས་རྒྱ་ནག་གི་སོ་མྱུལ་དང་དྲ་ཐོག་འཇབ་རྒོལ་གྱི་ལས་དོན་སོགས་ཀྱིས། རྒྱལ་ཁབ་དེ་གཉིས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཉེན་ཚབས་ཆེན་པོ་བཟོ་བཞིན་ཡོད་ཁར། གལ་སྲིད་མ་འོངས་པར་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ་རྒྱལ་སྤྱིའི་ཚོང་ལས་ལ་གནོད་སྐྱོན་ཆེན་པོ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག 

༧གོང་ས་མཆོག་དགུང་གྲངས་༨༧ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩི།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་མོ་མཆོག་དགོང་གྲངས་༨༧ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོ་དེ་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་བརྩི་ཞུས་སོང་།