བོད་མི་གསུམ་ལ་རྒྱ་གཞུང་གིས་མི་བསད་པའི་ཉེས་མིང་འོག་ཁྲིམས་ཆད།

ཟླ་འདིའི་ཕྱི་ཚེས་༥ ཉིན་དྷ་སར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཕྱི་ཟླ་༡༡ ཚེས་༣ ཉིན་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་པ་རྫོང་ཁོངས་ཀྱི་བོད་མི་གསུམ་ལ་རང་ལུས་མེར་སྲེག་གི་རྒྱ་རྒོལ་དང་འབྲེལ་བའི་མི་བསད་པའི་ནག་ཉེས་གཡོགས་ཏེ་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་སོང་།

dolma tso 2014

སྒྲོལ་མ་མཚོ།

རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་སྒྲོལ་མ་མཚོ་ལ་ལོ་གསུམ་དང་། རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གཉིས་པའི་དཀོན་མེ་ལ་ལོ་གསུམ།   རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་བཞི་པའི་དགེ་འཕེལ་ལ་ལོ་གཉིས་བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཁོང་ཚོའི་ཆབ་སྲིད་དབང་ཆ་འཕྲོག་རྒྱུའི་ཐག་གཅོད་བྱས་ཡོད་འདུག ཁྲིམས་ཐག་གཅོད་སྐབས་རང་དབང་གི་ཁྲིམས་རྩོད་པ་ཁྲིད་རྒྱུའི་གོ་སྐབས་སྤྲད་མེད་པ་དང་། སི་ཁྲིན་ཞིང་ཆེན་མཱེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

དེ་ཡང་གསར་འགོད་གསལ་བསྒྲགས་དེའི་ཐོག་སྒྲོལ་མ་མཚོ་དང་ཕ་མ་གཅིག་པའི་སྤུན་ཆེད་རྨེའུ་དཀོན་རྒྱམ་གྱིས་འགྲེལ་བརྗོད་གནང་བ་ལྟར་ན། ༢༠༡༣ ལོའི་ཟླ་བ་༡༢ ཚེས་༣ ཉིན་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་གསེར་སྡེ་ནས་དཀོན་མཆོག་ཚེ་བརྟན་གྱིས་རྒྱ་ནག་གཞུང་གི་བོད་དབང་བསྒྱུར་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གཏོང་སྐབས་སྒྲོལ་མ་མཚོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་འཇོག་རོགས་བྱས་པའི་རྐྱེན་གྱིས་རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ། ཟླ་བ་བཅུ་གཅིག་རིང་བཀག་ཉར་འོག་མི་བསད་པའི་ནག་ཉེས་ཁས་ལེན་དང་།   རོགས་པ་སུ་ཡོད་བརྗོད་དགོས་པའི་འདྲི་གཅོད་བྱེད་སྐབས་གཅར་རྡུང་དང་མནར་གཅོད་སྣ་རྒུ་བཏང་ཡོད་ལ།   ཕྱི་ཟླ་༡༡ ཚེས་༥ ཉིན་ཁྲིམས་ར་ནས་ཁོང་མོར་ནག་ཉེས་ཁས་ལེན་དགོས་པའི་བཙན་སྐུལ་བྱས་པ་མ་ཟད། མི་བསད་པ་ཁས་ལེན་བྱས་ན་ཁྲིམས་ཐག་དུས་ཡུན་ཉུང་དུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་ནའང་། སྒྲོལ་མ་མཚོས་ཁྲིམས་ར་རང་ནས་སྐད་ཤུགས་ཆེན་པོས་“ངས་དཀོན་མཆོག་ཚེ་བརྟན་གྱི་སྐུ་ཕུང་ལ་ལག་པ་འཆང་དུས་སྐུ་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་ཟིན་འདུག སྐུ་ཕུང་རླངས་འཁོར་ནང་དུ་བཞག་པ་ལས་མི་བསད་པའི་ནག་ཉེས་སོགས་གང་ཡང་བྱས་མེད་”ཅེས་བརྗོད་ཡོད་འདུག

རྨེའུ་དཀོན་རྒྱམ་གྱིས་འགྲེལ་བརྗོད་བྱས་པ་ལྟར་ན། གོང་གསལ་མི་གསུམ་ལ་ནག་མེད་ནག་འགེལ་གྱིས་ཁྲིམས་ཐག་བཅད་ཡོད་ལ།   རྨེའུ་རུ་མའི་རུ་ཆེན་གཉིས་པའི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་བསྟན་པ་ དང་།   རྨེའུ་རུ་མའི་རུ་ཆེན་གཉིས་པའི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་བློ་བཟང་རྒྱ་མཚོ་གཉིས་ལ་རྒྱུ་མཚན་འདི་ཡིན་གསལ་ཁ་མེད་པར་ད་དུང་ཁྲིམས་ཐག་མ་བཅད་པར་བཀག་ཉར་འོག་ཡོད་འདུག   དེ་དང་མཉམ་དུ་རྨེའུ་རུ་མ་ཡིན་པ་ཙམ་ལས་སྐྱ་སེར་གང་ཡིན་དང་ཁྱིམ་ཚང་དང་རུ་སྡེ་སོགས་མི་ཤེས་པའི་བོད་མི་ལྔ་བཙོན་འཇུག་འོག་གནས་ཡོད་འདུག

kungam2བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་དབང་གིས་འགྲེལ་བརྗོད་གནང་དོན། “སྤྱིར་བཏང་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་ཐོག་ངོ་ཚ་ཁྲེལ་མེད་ཀྱི་འདྲེ་ལག་བསྲིངས་ནས་བཙན་འཛུལ་ཧམ་སེམས་བཅངས་ཉིན་ནས་ཕྱི་ནང་གང་སར་མི་བདེན་རྫུན་སྒྲིག་ཁོ་ན་ལས་དངོས་ཡོད་དྲང་གཏམ་ཞིག་བཤད་མྱོང་མེད་པ་དང་།  རྐུ་རང་གིས་བརྐུས་ནས་རྐུན་ཁག་གཞན་ལ་འཛུགས་པ་ཡང་རྒྱུན་གཏན་གྱི་གནས་ཚུལ་ཞིག་རེད།”ཅེས་དང་།  “ཞི་ཅིན་ཕིན་གྱིས་འགོ་འཁྲིད་པའི་རྒྱ་ནག་གཞུང་གི་ད་ལྟའི་དབང་འཛིན་པ་ཚོས་ཁྱེད་ཚོས་ཉིན་མཚན་མེད་པར་བསྒྲགས་དང་སྒྲོག་བཞིན་པའི་སྤྱི་ཚོགས་བརྟན་ལྷིང་དང་།   མི་རིགས་མཐུན་སྒྲིལ། ཉེ་ཆར་སྐོང་ཚོགས་བྱས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་འཁེལ་བྱས་པའི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་འཛུགས་རྒྱུ་ཡིན་ལུགས་བརྗོད་བཞིན་པ་དེ་དག་དོན་དམ་ཁ་ཞེ་གཉིས་མཚུངས་ཤིག་གནང་འདོད་ཡོད་ཚེ་བོད་མི་ཉེས་མེད་ཉེས་བཀལ་བྱས་པའི་སྒྲོལ་མ་མཚོ་དང་། དཀོན་མེ།   དགེ་འཕེལ་གྱིས་གཙོས་རྒྱ་ནག་སྲིད་གཞུང་གི་བཙོན་བཅུག་འོག་ཡོད་པའི་བོད་རིགས་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་འཕྲལ་དུ་གློད་གྲོལ་དང་ཁོང་ཚོར་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཆ་ཚང་སྤྲོད་དགོས་པའི་དགོས་འདུན་འདོན་གྱི་ཡོད་”ཅེས་གསུངས་ཡོད་པ་རེད།

kungam3རྨེའུ་དཀོན་རྒྱམ་གྱིས་རྒྱ་ནག་གཞུང་གིས་བོད་ཀྱི་མི་རབས་གསུམ་ལ་མནར་གཅོད་བཏང་བ་ཁོང་གི་མི་ཚང་གཅིག་གིས་མཚོན་ཐུབ་སྐོར་འགྲེལ་བརྗོད་གནང་བ་ལྟར་ན། ཁོང་གི་ཁྱིམ་ཚང་ནི་རྔ་བ་རྫོང་གི་འབྲོག་སྡེ་རྨེའུ་རུ་ཡུལ་ཚོ་ནས་ཡིན་པ་དང་། ཁོང་གི་སྤོ་པོ་དགེ་པད་ལི་ལ་རྒྱ་གཞུང་གིས་ལོ་དགུའི་ཁྲིམས་ཐག་བཅད་དེ་བཙོན་ཁང་ནང་གྲོངས་འདུག རྨོ་མོ་བསོད་ནམས་སྐྱིད་ལ་ནག་ཉེས་ཆེ་བའི་ཞྭ་མོ་ཅན་གྱི་མིང་ བཏགས་ནས་གཅར་རྡུང་དྲག་པོའི་ཁྲོད་ནས་འདས་གྲོངས་སུ་གྱུར། དེ་ནས་ཁོང་གི་ཨ་ཕ་དགེ་རིག་ལ་ཕྱི་ལོ་༡༩༩༨ ཟླ་༣ ཚེས་༡༢ ཉིན་རྒྱལ་གཅེས་ཆོས་གཅེས་ཟེར་བའི་རྒྱ་གཞུང་གིས་ལས་འགུལ་སྤེལ་སྐབས་སུ་བོད་དོན་དང་འབྲེལ་བའི་ཡི་གེ་སྦྱར་འགྲེམས་བྱས་པའི་ཉེས་མིང་འོག་ཟླ་བ་གཅིག་ལྷག་ལ་གཅར་རྡུང་བཙོན་འཇུག་བྱས། ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༧ ཉིན་བོད་གནས་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་གཅར་རྡུང་བཙོན་འཇུག་ཐེངས་གཉིས་པ་བྱས། ཕྱི་ལོ་༢༠༡༡ ཟླ་༣ ཚེས་༡༩ ཉིན་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཕུན་ཚོགས་ལ་སྐུ་ལུས་མེར་སྲེག་བཏང་བའི་སྐོར་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་གཅིག་ལྷག་ལ་གཅར་རྡུང་བཙོན་འཇུག་ཐེངས་གསུམ་པ་བྱས་ཡོད་འདུག དེའི་སྐབས་སུ། ཁོང་གི་ཨ་མ་དོན་ཁོ་ཉིན་ཤས་རིང་གཅར་རྡུང་དང་བཀག་ཉར་བྱས་ཤིང་དུས་མཚུངས་ཁོང་གི་སྲིང་མོ་མེ་ཏོག་འཛིན་བཟུང་བཀག་ཉར་འོག གཅར་རྡུང་དྲག་པོ་བྱས་ཏེ་ཀླད་པ་སྐྱོན་ཅན་དུ་བཟོས་ཡོད་འདུག སྐབས་དེར་ཁོང་གི་ནང་མིའི་ཉེ་འབྲེལ་གྱི་སྐྱ་སེར་མང་པོ་ཞིག་བྲོས་བྱོལ་དང་ཉེན་ཡོལ་དུ་འགྲོ་དགོས་པ་སོགས་དཀའ་ངལ་མང་པོ་འཕྲད་ཡོད་པ་རེད།

རྨེའུ་དཀོན་རྒྱམ་གྱིས་བརྗོད་དོན། “རྒྱ་གཞུང་གིས་ཁྱིམ་ཚང་གཅིག་ལ་བཟོས་པའི་མི་ཐོག་གསུམ་གྱི་རྨ་ཁ་ཡིན་ལ། ཁྱིམ་ཚང་གཅིག་གི་གནས་བབ་ཀྱིས་ས་ཁུལ་དེ་ལ་བྱུང་བའི་ཡ་ང་བའི་ལོ་རྒྱུས་ཀྱི་རྨང་གཞི་མཚོན་ཡོད་”ཅེས་འགྲེལ་བརྗོད་བྱས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

དཀོན་མཆོག་ཚེ་བརྟན་གྱིས་རང་ལུས་མེར་སྲེག་གི་རྒྱ་རྒོལ་སྐབས་ཀྱི་གནས་ཚུལ།
http://bangchen.net/b-66/

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 9

Leave a Reply