ནང་ཆོས་ངོ་སྤྲོད།

ནང་ཆོས་ཀྱི་རྩ་བའི་ཁྱད་ཆོས་སྐོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༠ 
དཔལ་ས་སྐྱ་ྋགོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ལ་ནང་ཆོས་སྐོར་འདི་ག་གསར་ཁང་གིས་བཅར་འདྲི་ཞུས།

དྲི་བ། སྤྱིར་ནང་པའི་ཆོས་ཞེས་པའི་གོ་དོན་གང་ཡིན་གསུང་རོགས།
ལན། སྤྱིར་བཏང་ཆོས་ཞེས་པ་དེ་སཾསྐྲྀཏའི་ཚིག་དྷརྨ་ཟེར་བ་དེ་ལ་གོ་རྒྱུ་མང་པོ་ཡོད་རེད། ང་ཚོ་ནང་པའི་ཆོས་ཞེས་པ་དེ་འགྱུར་བ་གཏོང་རྒྱུ་ཞིག་རེད། ང་རང་ཚོའི་སེམས་རྒྱུད་མ་དུལ་བ་འདུལ་བ་དང༌། མ་ཞི་བ་ཞི་བར་བྱེད་པ། གང་ལྟར་སེམས་རྒྱུད་ལེགས་པར་འདུལ་ནས། དེ་ནས་ཡར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བགྲོད་པར་བྱེད་པའི་ཐབས་ཤིག་ལ་ནང་ཆོས་ཟེར་གྱི་ཡོད་པ་རེད།
དྲི་བ། དེང་སང་ཚན་རིག་དང་ནང་ཆོས་གཉིས་བར་མཐུན་པའི་ཆ་མང་པོ་ཡོང་གི་ཡོད་པ་དེའི་རྒྱུ་མཚན་གང་ཡིན་ནམ།
ལན། དེ་གང་ཡིན་ཟེར་ན། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་ནས་གསུངས་པ་ཡིན་སྟབས། དངོས་པོའི་གནས་ཚུལ་དང་མཐུན་པ་ཞིག་ཡོང་གི་རེད་པཱ། ཚན་རིག་པ་རྣམས་ཀྱིས་ཇི་ཙམ་བརྟག་དཔྱད་བྱས་པ་ཡིན་ནའང༌། དེ་ཙམ་གྱིས་གཟི་བརྗིད་ཆེ་རུ་ཆེ་རུ་འགྲོ་ཡི་ཡོད་པའི་རྒྱུ་མཚན་དེ་འདྲ་ཡིན་གྱི་རེད།

Bangchen admin· · 0 མཆན་འགྲེལ། ·

ནང་ཆོས་ཀྱི་ལྟ་བ་རྟེན་འབྱུང་སྐོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༩   
ྋགོང་ས་མཆོག་གིས་༢༠༠༨ ལོར་བོད་པའི་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།
འདོན་ཐེངས་སྔོན་མའི་འཕྲོས།

ཕྱི་སྣོད་ཀྱི་བཀོད་པ་ལ་ཆ་བཞག་ན་ཡང༌། སྣོད་ཀྱི་བཀོད་པ་དེ་དག་ཆ་ཚང་རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། གང་ལྟར་འབྱུང་བ་བཞིའི་འགྱུར་བ་ལ་བརྟེན་ནས་ཡོང་བ། དཔེར་ན། ང་རང་ཚོས་འབར་གས་ཆེན་པོ་ཞེས་པ་དོན་ལ་གནས་པ་རེད། འཇིག་རྟེན་བཀོད་པ་པོས་གློ་བུར་དུ་བཀོད་པ་ལྟར་མིན་པར་རྒྱུ་དང་རྐྱེན་གྱི་འགྱུར་བ་ལ་བརྟེན་ནས་འདི་ལྟར་ཆགས་འགྲོ་ཡི་ཡོད་རེད། རྒྱུ་དང་རྐྱེན་གྱི་འགྱུར་བ་ལ་བརྟེན་ནས་འཇིག་འགྲོ་ཡི་ཡོད་རེད། ཡང་རྒྱུ་དང་རྐྱེན་ལ་བརྟེན་ནས་གསར་པ་ཞིག་སླེབས་ཡོང་གི་ཡོད་རེད།

Bangchen admin· · 0 མཆན་འགྲེལ། ·

ནང་ཆོས་ཀྱི་ལྟ་བ་རྟེན་འབྱུང་སྐོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢

ྋགོང་ས་མཆོག་གིས་༢༠༠༨ ལོར་བོད་པའི་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།
འདོན་ཐེངས་སྔོན་མའི་འཕྲོས།

རྐྱེན་གསུམ་པོ་དེ་མདོ་དེས་གང་འདྲ་སྟོན་གྱི་རེད་ཟེར་ན། འདི་ཡོད་པ་ན་འདི་འབྱུང་ཞེས་གསུངས་པ་དེ་གཡོ་བ་མེད་པའི་རྐྱེན་རེད་ཅེས་དང༌། གཡོ་བ་ནི་ཀུན་སློང་གི་གཡོ་བ་སྟེ། འཇིག་རྟེན་བཀོད་པ་པོའི་ཀུན་སློང་གི་གཡོ་བ་སྔོན་དུ་འགྲོ་བའི་ཐོག་ནས་བྱུང་བ་ཞིག་མ་རེད། རྒྱུ་རྐྱེན་ཙམ་ལ་བརྟེན་ནས་བྱུང་བ་རེད། རྒྱུ་རྐྱེན་གྱི་དངོས་པོ་དེ་འདྲ་ཡོད་པ་ཡིན་སྟབས། དངོས་པོ་དེ་འདྲ་ཞིག་བྱུང་བ་རེད། འདི་ཡོད་པ་ན་འདི་འབྱུང་ཞེས་གཡོ་བ་མེད་པའི་རྐྱེན་གསུངས་པ་རེད།  རྒྱུ་རྐྱེན་ཙམ་གྱིས་བྱུང་བ་རེད་མ་གཏོགས་གཞན་གང་ཡང་ཡོད་མ་རེད་ཅེས་འཇིག་རྟེན་བཀོད་པ་པོ་དང༌། གཏན་དུ་ཡོད་པའི་རྒྱུ་རྟག་པ་ལྟ་བུ་གང་ཡང་ཡོད་མ་རེད་ཅེས་པ་རེད།

Bangchen admin· · 0 མཆན་འགྲེལ། ·

ནང་ཆོས་ཀྱི་ལྟ་བ་རྟེན་འབྱུང་སྐོར།

ྋགོང་ས་མཆོག་གིས་༢༠༠༨ ལོར་བོད་པའི་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༧  
འདོན་ཐེངས་སྔོན་མའི་འཕྲོས།

ཡང་ང་རང་ཚོ་སྤོབས་པ་འདྲ་པོ་ཞིག་ཀྱང་འདུག་གཱ རྒྱ་གར་མཁས་པའི་གསུང་ནས་བོད་སྐད་དུ་བསྒྱུར་ནས་ཆོས་ཅན་དང༌། རྟགས་དང༌། བསལ་བ། བསྒྲུབ་བྱ་ཞེས་པ་དེ་དག་ཆ་ཚང་བོད་སྐད་དུ་བསྒྱུར་བ་ཙམ་དུ་མ་ཟད། དོན་ཆ་ཚང་འཁྱོལ་མཁན་ཞིག་ཡོད་བསྡད་པ། དེ་རིང་ཁ་སང་དབྱིན་ཇིའི་སྐད་ཡིག་ནང་བོད་ཀྱི་ནང་ཆོས་མང་པོ་བསྒྱུར་བ་དེ་འདྲ་ཡོང་གི་ཡོད་རེད་དེ། བསྡུས་གྲྭའི་འགྲོ་སྟངས་ཐལ་དང༌། ཕྱིར་ཞེས་པའི་རིགས་ལམ་གྱི་འགྲོ་སྟངས་དེ་དག་དབྱིན་ཇིའི་ཚིག་ནང་ལ་ཡོང་གི་མི་འདུག་གཱ མུ་བཞི་བརྩི་བ་དེ་འདྲ་མ་གཏོགས་ཡོང་གི་མི་འདུག་གཱ
    དེ་བཞིན་རྒྱ་སྐད་ཀྱི་ནང་དུའང་ཡོང་གི་ཡོད་མ་རེད་ཟེར་གྱི་འདུག ཐལ་དང༌། ཕྱིར་ཞེས་པའི་རྟགས་བསལ་གྱི་འགྲོ་སྟངས་དེ་རྒྱ་སྐད་ནང་ལ་ཁག་པོ་འདུག་གཱ བྱས་ཙང་དེ་ང་ཚོ་བོད་སྐད་ཀྱི་གཟི་བརྗིད་ཅིག་རེད་འདུག དེ་ལྟར་ང་རང་ཚོ་ལ་གཟི་བརྗིད་ཡོད་བསྡད་པ་དེ་སྐྱ་སེར་དབྱེ་བ་མེད་པ་ཚང་མས་ཤེས་པ་ཞིག་བྱུང་ན་ཧ་ཅང་ཡག་པོ་རེད།

Bangchen admin· · 0 མཆན་འགྲེལ། ·

ནང་ཆོས་ཀྱི་གཞུང་ལུགས་སྦྱོང་རྒྱུ་གལ་ཆེན་ཡིན་སྐོར།

ྋགོང་ས་མཆོག་གིས་༢༠༠༨ ལོར་བོད་པའི་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས། 

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༦ 
འདོན་ཐེངས་སྔོན་མའི་འཕྲོས།

ཞག་རྩི་ཡོད་པ་ཞིག་ཆགས་ཀྱི་ཡོད་རེད། བརྟན་པོ་ཆགས་ཀྱི་ཡོད་རེད། དེ་མེད་ན་ཕ་མེས་ནས་ཡོད་པའི་འདུ་ཤེས་ལྟ་བུ་དེ་ཙམ་གྱིས་ཆོས་ཉམས་ལེན་བྱས་ཀྱང་རླབས་ཆེན་པོ་དང་ས་ཆོད་ཆེན་པོ་ཡོང་བ་ཁག་པོ་རེད། རང་ཉིད་ཀྱི་ཉམས་ལེན་བྱེད་སྟངས་ཀྱི་ཆ་ནས་རྩིས་པ་ཡིན་ཡང༌། བློ་གྱོང་པོ་དེ་འདུལ་བར་ཕྱོགས་གང་ས་གང་ནས་ཐབས་ཤེས་མང་པོ་བྱས་ནས་བློ་དེ་འདུལ་དགོས་པ་རེད། ལུས་ཀྱི་ནད་ཡིན་རུང་སྨན་གཅིག་གིས་ནུས་པ་རྐྱང་སེལ་ཟེར་བ་ཞིག་ཡོད་རེད་དེ། སྤྱིར་བཏང་བོད་སྨན་ལྟ་བུར་རྫས་མང་པོ་བསྲེས་ནས་ནད་དེ་སེལ་དགོས་ཀྱི་ཡོད་རེད། ནད་དེ་ཡང་རླུང་མཁྲིས་བད་ཀན་གསུམ་པོ་འདུས་པ་ལྟ་བུ། གང་ལྟར་ལུས་དེ་འབྱུང་བ་འདུས་པའི་ལུས་ཤིག་ཡིན་དུས། རྐྱེན་སྣ་ཚོགས་ལ་བརྟེན་ནས་ནད་ཡོང་གི་ཡོད་རེད། དེ་སེལ་བ་དེ་རྫས་ཀྱི་ནུས་པ་སྣ་ཚོགས་པའི་ཐོག་ནས་སེལ་དགོས་པ་རེད་མ་གཏོགས། རྐྱེན་སྣ་ཚོགས་ལ་བརྟེན་ནས་ཡོང་བའི་ནད་དེ་རྫས་གཅིག་གིས་སེལ་ཐུབ་རྒྱུ་ཁག་པོ་རེད།

Bangchen admin· · 0 མཆན་འགྲེལ། ·

ནང་པའི་ཆོས་ཀྱི་ཁྱད་ཆོས་སྐོར།

ྋགོང་ས་མཆོག་གིས་༢༠༠༨ ལོར་བོད་པའི་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༥
འདོན་ཐེངས་སྔོན་མའི་འཕྲོས།

བྱས་ཙང་ཤེས་པའི་ནང་ལ་གསལ་རིག་ཙམ་གྱི་བདག་ཉིད་དུ་ཡོད་པའི་ཤེས་པ་དེ་ལ་འཛིན་སྟངས་འགལ་བ་ཟེར་ན་འདྲ། རང་བཞིན་འགལ་བའི་བློ་གང་ཡང་མི་འདུག་གཱ ཤེས་པའི་ནང་ལ་ཤེས་པ་ཁོ་རང་དང་འགལ་ཟླ་འགྲོ་མཁན་ཤེས་པ་གཅིག་ཀྱང་མེད་སྟབས་དེ་ལ་གཉེན་པོ་མི་འདུག་གཱ རང་གནས་པ་ལ་གེགས་བྱེད་མཁན་མེད་པ་རེད། ཞེ་སྡང་དང་འདོད་ཆགས་ཟེར་བ་དེ་ཚོའི་གྲས་དེ་ཕྱིན་ཅི་ལོག་ཏུ་རྟོགས་པའི་བློ་ཞིག་རེད། དེ་དོན་དངོས་པོའི་གནས་ཚུལ་ལ་འགལ་བའི་བློ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་དོན་དངོས་པོའི་གནས་ཚུལ་ཇི་བཞིན་ཤེས་པའི་བློ་དེ་ནམ་སྐྱེས་པ་ན་འགལ་ཟླ་ཆགས་བསྡད་ཡོད་རེད།

Bangchen admin· · 0 མཆན་འགྲེལ། ·

བདག་ལ་མཐའ་མ་ཡོད་མེད་སྐོར།

ྋགོང་ས་མཆོག་གིས་༢༠༠༨ ལོར་བོད་པའི་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༤  

འདོན་ཐེངས་སྔོན་མའི་འཕྲོས།    དེ་འདྲ་ཡིན་དུས་ཉོན་མོངས་ལ་གཉེན་པོ་བསྟེན་ནས་ཤུགས་ཆུང་དུ་གཏོང་བ་དང༌། རིམ་པས་ཉོན་མོངས་སྤང་རྒྱུ་ཡོད་རེད། རྩ་བའི་གསལ་རིག་ཙམ་གྱི་བདག་ཉིད་དུ་ཡོད་པ་དེ་དང་ཕྱིན་ཅི་ལོག་གི་བློ་གཉིས་པོ་དེ་ཁག་ཁག་རེད། དེ་གཉིས་ཐ་དད་དུ་གནས་པ་རེད། གསལ་རིག་ཙམ་གྱི་བདག་ཉིད་དེ་གཉེན་པོ་གང་ཡང་མེད་པ་རེད། དེའི་འགལ་ཟླར་གྱུར་པའི་གཉེན་པོ་སྟོབས་ལྡན་གང་ཡང་ཡོད་མ་རེད། ཕྱིན་ཅི་ལོག་གི་བློ་ཞིག་ཡིན་ཕྱིན་ཆད་ལ་དོན་དངོས་པོའི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་རྟོགས་པའི་བློ་ཞིག་ཆགས་པ་ཡིན་དུས། དོན་དངོས་པོའི་གནས་ཚུལ་ཇི་ལྟར་གནས་པ་དེ་སྲིད་དུ་ཕྱིན་ཅི་ལོག་པའི་བློ་དེར་འགལ་ཟླ་ཡོད་པ་རེད། རང་གི་རྒྱུད་ལ་སྐྱེས་མ་སྐྱེས་སྐད་ཆ་རེད་མ་གཏོགས་སྤྱིར་ཤེས་བྱ་དེ་ཡོད་རེད། དཔེར་ན། མདུན་དུ་ཡོད་པའི་མེ་ཏོག་ཟིང་དཀར་དེ་མིག་གི་སྐྱོན་གྱིས་ངས་དེ་སེར་པོ་ཞིག་ཏུ་མཐོང་བ་ཡིན་ན། འཇིག་རྟེན་གྲགས་ཚོད་ཀྱིས་ཟིང་དཀར་དུ་ཡོད་རེད་དེ། ངའི་མིག་གི་སྐྱོན་གྱི་དབང་གིས་ཟིང་དཀར་དེ་ལ་དུས་ནམ་ཞིག་བར་འགལ་ཟླ་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

བདག་ལ་ཐོག་མ་ཡོད་མེད་སྐོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༣
འདོན་ཐེངས་སྔོན་མའི་འཕྲོས། གང་ལྟར་སེམས་སམ་རྣམ་པར་ཤེས་པ་དེ་ལ་འགུལ་སྐྱོད་ཅིག་རྒྱག་གི་འདུག་གཱ སྔ་མོ་ང་དང་ཐུག་མྱོང་བའི་ཚན་རིག་པ་ཝེ་རཱ་ལ་ཞེས་པའི་ཚན་རིག་པ་སྐད་གྲགས་ཆེན་པོ་ཞིག་རེད། ད་སྐབས་གཤེགས་ཚར་བ་རེད། གཟུགས་ཅན་གྱི་དབང་དུ་བྱས་ན། ཁོང་དང་སྐད་ཆ་བྱུང་བའི་སྐབས་ལ་མཐའ་མའི་གྲུབ་དོན་ལྟ་བུར་སྲོག་ལྡན་གང་ཞིག་གནས་གཅིག་ནས་གཅིག་ཏུ་གཡོ་ཐུབ་མཁན་ནམ་གཡོ་འགུལ་བྱེད་མཁན་དེ་སེམས་ལྡན་རེད། གཟུགས་མེད་ལ་སྐད་ཆ་གང་ཡང་ཡོད་མ་རེད། ལུས་ཕྲ་རགས་པའི་དབང་དུ་བཤད་པ་རེད། ཕྲ་མོའི་དབང་དུ་བྱས་ན་བཤད་རྒྱུ་ཞིག་ཡོད་མ་རེད། རྩྭ་དང་མེ་ཏོག་དེ་ཚོའི་རིགས་ལ་སྲོག་ཡོད་རེད། དེ་ཚོ་ལ་མཐུན་རྐྱེན་ཉི་མའི་འོད་སྒྲུབ་པ་དཔེར་ན། ཉི་མ་མེ་ཏོག་དེ་ཉིད་ཞོགས་པ་ཉི་མ་ཤར་བའི་སྐབས་སུ་ཉི་མར་ཁ་སློག་ནས་རིམ་བཞིན་ཉི་མའི་ཕྱོགས་སུ་ཁ་འཁོར་གྱི་ཡོད་རེད། དེ་ལ་ཤེས་པ་ཡོད་མ་རེད་དེ་རྫས་ཀྱི་ནུས་པས་ཉི་མའི་འོད་ཟེར་དེ་འཚོ་བར་དགོས་ཀྱི་ཡོད་པའི་རྐྱེན་གྱིས་ཉི་འོད་གང་དུ་ཡོད་པ་དེར། ཉི་མ་མེ་ཏོག་ཁ་འཁོར་གྱི་ཡོད་རེད། དེ་བཞིན་མེ་ཏོག་གི་རིགས་མང་པོ་ཞིག་ཉིན་མོ་ཁ་དབྱེ། མཚན་མོ་ཁ་ཟུམ་གྱི་འདུག་གཱ བྱས་ཙང་མུ་སྟེགས་པ་ཁ་ཤས་ཀྱིས་སེམས་ཡོད་པའི་སྒྲུབ་བྱེད་ལ་མཚན་མོ་ལོ་མ་བཀུམ་ནས་ཉལ་བ་རེད་ཅེས་པའི་བཤད་སྲོལ་ཡོད་རེད།

Bangchen admin· · 0 མཆན་འགྲེལ། ·

བདག་ལ་ཐོག་མ་ཡོད་མེད་སྐོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༢
འདོན་ཐེངས་སྔོན་མའི་འཕྲོས། སྐྱེ་བ་ལེན་མཁན་དེའི་ངོས་ནས་བསམ་བློ་གཏོང་ན་གཏོང་ཐུབ་ཀྱི་རེད་པཱ། ཐོག་མར་ཟས་རགས་པ་ལ་མ་བརྟེན་པར་ཏེང་ངེ་འཛིན་གྱིས་འཚོ་བསྡད་པའི་བཟོ་འདྲ་པོ། དེ་ནས་ག་ལེར་ག་ལེར་ཟས་རགས་པ་ལ་བརྟེན། དབང་པོའི་བུ་ག་དེ་དག་དོད་པ་རེད་ཟེར་བའི་བཤད་སྟངས་ཤིག་ཡོད་རེད། དེ་ཚོ་ཏག་ཏག་འགྲོ་ཡི་ཡོད་མེད་བསམ་བློ་གཏོང་དགོས་པ་ཞིག་རེད།
    གང་ལྟར་མངོན་པ་མཛོད་ནས་གསུང་སྟངས་ཤིག་ཡོད་རེད། གཞི་འབྱུང་བ་བཞི་ལས་གྲུབ་པ་ཟེར་བ་ནང་པའི་གཞུང་ལས་གསུངས་པ་དང༌། དེང་སང་ཚན་རིག་པས་བཤད་པ་གཉིས་གཅིག་པ་ལྟ་བུ་རེད། མངོན་པ་མཛོད་ནས་བསྐལ་ཆེན་གཅིག་ལས་བར་བསྐལ་བརྒྱད་ཅུ་ཐམ་པ། བར་བསྐལ་ཉི་ཤུ་ཉི་ཤུས་འཇིག་རྟེན་སྟོང་བའི་བསྐལ་པ། འཇིག་རྟེན་སྔ་མ་ཞིག་པའམ་སྟོང་བའི་བསྐལ་པ་བར་བསྐལ་ཉི་ཤུ། ཆགས་པའི་བསྐལ་པ་བར་བསྐལ་ཉི་ཤུ། དེ་ནས་གནས་པའི་བསྐལ་པ། དེ་ནས་ཡང་སྟོང་བའི་བསྐལ་པ་ཞེས་འཇིག་གི་ཡོད་པ་བཤད་ཀྱི་ཡོད་རེད། བསྐལ་པ་ཡ་ཐོག་རིང་མོ་ནས་ཚེ་ལོ་དཔག་མེད་ཐུབ་པ་ནས་ཚེ་ལོ་བཅུ་པ་བར་དང༌

Bangchen admin· · 0 མཆན་འགྲེལ། ·

བདག་ལ་ཐོག་མ་ཡོད་མེད་སྐོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༡
བདག་ལ་ཐོག་མ་ཡོད་དམ་ཞེས་པའི་དྲི་བ་དེའི་ལན་ལ། བདག་ལ་ཐོག་མ་མེད་ན་མ་བདེ་བ་ཞིག་དང༌། འཇིག་རྟེན་ཡོངས་རྫོགས་ལ་ཆ་བཞག་ནའང་ཐོག་མ་ཡོད་རེད། རིམ་བཞིན་འགྱུར་འགྲོ་ཡི་ཡོད་རེད། སྐྱེ་ཞིང་འཇིག་པའི་བདག་ཉིད་རེད། དེ་འདྲ་ཡིན་དུས་ཐོག་མ་ཡོད་དགོས་ཀྱི་རེད་བསམ་པ་ཞིག་བློ་ལ་ཤར་གྱི་འདུག་གཱ དེར་བརྟེན་བདག་དེའི་ཐོག་མ་ཡོད་དགོས་ཀྱི་རེད་ཅེས་བློ་ལ་འཆར་ས་རེད་འདུག་གཱ ང་རང་ཚོའི་བློ་ལ་ཕྱི་ནང་གི་དངོས་པོ་གང་ཡིན་ཡང་ཐོག་མ་ཡོད་དགོས་ཀྱི་རེད་བསམ་པ་དང༌། བདག་ལ་ཐོག་མ་ཡོད་དགོས་ཀྱི་རེད་བསམ་པ་ལྟ་བུ་དེ་འདྲ་ཞིག་ལ་གཞིར་བཞག་བྱས་ནས། ང་ལ་ཐོག་མ་ཡོད་དགོས་ཀྱི་རེད་བསམ་པ་ལྟ་བུ་རེད།

Bangchen admin· · 0 མཆན་འགྲེལ། ·