བོད་ཀྱི་ལོ་རྒྱུས།

ཧི་མ་ལ་ཡའི་རིགས་བརྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༢  
རྣལ་མའི་སེམས་ཁོང་ན་རང་མི་རིགས་ཀྱི་འབྱུང་ཁུངས་དང༌། ནང་ཆོས་དར་ཞིང་རྒྱས་པའི་འཕེལ་རིམ། སྐད་ཡིག་གི་སྒྱུ་བཟོ་སོགས་ཆ་ཚང་བ་ཞིག་ཤེས་པར། ད་ལྟའི་བོད་ས་ཁུལ་གཅིག་པུ་བཤད་པ་ཙམ་མ་ཡིན་པར་སྤྱིར་འཛམ་བུ་གླིང་གི་གནས་སྟངས་མི་ཉུང་བ་ཞིག་དང༌། སྐབས་འབྲེལ་སྦར་མ་སྟོད་ཕྱོགས། ཨ་རབ། ལྷག་པར་ཧི་མ་ལ་ཡའི་རིགས་བརྒྱུད་ཀྱི་ཡུལ་ཁག་ཚང་མར་སྔོན་བྱུང་ལོ་རྒྱུས་ཀྱི་གནས་ལུགས་རགས་བསྡུས་ཤིག་ཤེས་དགོས་ངེས་ཡིན། ཅིའི་ཕྱིར་ཞེ་ན། སྤྱི་འཛམ་གླིང་འདིའི་ནང་དུ་རྒྱལ་ཁབ་དང༌། མི་རིགས། སྐད་ཡིག་སོགས་མི་འདྲ་བ་སྣ་ཚོགས་པ་ཞིག་ཡོད་ཀྱང༌། དོན་དམ་ལ། ཐོག་མའི་འཇིག་རྟེན་གྲུབ་དུས་དང༌། འཛམ་གླིང་ནང་མི་ཡི་རིགས་རྒྱུད་གཙོས་པའི་སྐྱེ་རྒུ་ཚང་མ་བྱུང་ལུགས་ཀྱི་འབྲེལ་བ་ནི་ཉ་འཛིན་དྲ་བ་ལྟར་འབྲེལ་ཞིང༌། ལྷག་པར་སྐབས་དོན་གོང་བརྗོད་ཡུལ་གྲུ་བྱེ་བྲག་པ་དེ་དག་གི་གནས་ལུགས་མང་པོ་བོད་ཀྱི་ལོ་རྒྱུས་དང་དངོས་འབྲེལ་གྱི་གནས་སུ་གྱུར་ཡོད་པས་སོ། །

Bangchen admin· · 0 མཆན་འགྲེལ། ·

གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༡
འདོན་ཐེངས་སྔོན་མའི་འཕྲོས། བཞི་པ། ས་ལེགས་དྲུག་གི་སྐོར་ལ་བཤད་པ། ས་ལ་ལེགས་དྲུག་ཅེས་པ་ནི་བོད་ཀྱི་རྒྱལ་རབས་བཅུ་པ་ཨེ་ཤོ་ལེགས་དང༌། བཅུ་གཅིག་པ་དེ་ཤོ་ལེགས། བཅུ་གཉིས་པ་ཐི་ཤོ་ལེགས། བཅུ་གསུམ་པ་གུ་རུབ་ལེགས། བཅུ་བཞི་པ་འབྲོང་གཞེར་ལེགས། བཅོ་ལྔ་པ་ཨི་ཤོ་ལེགས་བཅས་ཀྱི་བར་དུ་རྒྱལ་རབས་དྲུག་ལ་ཟེར་གྱི་ཡོད། དེ་ཡང་ས་ལ་ལེགས་ཞེས་བརྗོད་དོན་ནི། སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ལས། ས་ལ་དུར་འདེབས་པས་ས་ཡི་ཡག་དྲུག་བྱུང་བ་ཡིན་ཞེས་བཤད་ཅིང༌། རྒྱལ་པོ་འདི་དག་གི་པུར་སྒམ་སའི་འོག་ཏུ་སྦས་པའི་ཕྱིར་དེ་ལྟར་བཏགས་པ་མིན་ནམ་སྙམ་ཡང་དཔྱད་དགོས་པར་བསམ།

Bangchen admin· · 0 མཆན་འགྲེལ། ·

གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༣༠
འདོན་ཐེངས་སྔོན་མའི་འཕྲོས།

གཞན་ཡང་རུ་ལ་སྐྱེས་བྱུང་རབས་དེ་དག་ལ་བསམས་ནས་མིང་ཡང་ཡིག་རྙིང་ཁག་དང་མི་འདྲ་བའི་རུ་ལས་སྐྱེས་ཞེས་སྒྱུར་བཅོས་བཏང་ཡོད་ཚོད་རེད་འདུག
    འདི་སྐབས། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལོ་རྒྱུས་འཁྱ་འཁྱོར་དག་ལ། རུ་ལ་སྐྱེས་རྒྱལ་པོ་གྲི་གུམ་བཙན་པོའི་བཙུན་མོ་དང་ཡར་ལྷ་ཤམ་པོ་གཉིས་འདུས་པ་ལས་བཙས་པར་བཤད་ཡོད་ཀྱང༌། ཏུན་ཧོང་ཡིག་ཆ་ལྟར་ན། རྒྱལ་པོའི་ཕྱོགས་གཏོགས་བཀྲགས་ཀྱི་རིགས་རྒྱུད་ལས་བཙས་ལུགས་ཙམ་ལས། རུ་ལ་སྐྱེས་རྒྱལ་པོ་སྲས་དང་བཅས་པའི་སྤུ་ཉེ་ཡིན་ལུགས་མཐོང་རྒྱུ་མེད། འོན་ཀྱང༌། རུ་ལ་སྐྱེས་ནི་རྒྱལ་པོ་ཚང་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན་སྟབས་སྤུ་དེ་གུང་རྒྱལ་རང་ཉིད་ཀྱི་ཁུ་བོར་བཀུར་བའི་གནས་ལུགས་ཤིག་གསལ་ཏེ་ཆེད་བརྗོད་ནང༌། རྒྱལ་པོས་མི་མཆོག་རུ་ལས་སྐྱེས་ཁྱེད་ཀྱིས། །ང་ཡི་ཡབ་ཀྱི་གོ་བགྱིས་རྒྱལ་སར་བཏོན། །སྲས་ཀྱི་གོ་བགྱིས་ཡབ་ཀྱི་སྐུ་མཚལ་གཉེར། །ཆེ་ཆུང་མེད་པའི་མི་ཀུན་ཁྱེད་ལ་སྨོན། །མིང་ཡང་ཁུ་བོ་ལྷ་བུ་སྨོན་གཟུང་ཞེས། །བཏགས་ཅིང་དྲིན་དུ་གཟོ་བ་རྒྱ་ཆེར་བྱས། །ཞེས་རུ་ལ་སྐྱེས་རྒྱལ་པོ་ཉིད་ཀྱི་ཁུ་བོའི་རུས་སུ་ཐོགས་ཚུལ་ལྟ་བུའང་བཤད་སྲོལ་ཡོད་འདུག

Bangchen admin· · 0 མཆན་འགྲེལ། ·

གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༩
འདོན་ཐེངས་༡༢༧ པའི་འཕྲོས།

ལོ་ངམ་མོ་བརྒྱའ་ནྀ་སླང་ང་བྲང་ལ་བཆར་ཏེ་ངོག་གོ། མྱང་རོ་ཤམ་པོ་ཕབ་བོ། འགྲེང་ནྀ་བཙོན་དུ་བཟུང༌། །དུད་ནྀ་མནངསུ་བཆད་ནས། བ་ཆོས་གུང་དང་དུ་གཤེགས་སོ། མགུར་འདི་ཞེས་གསུངསོ། འ་བ་ཉི་ཉེ་བ་ཉིད། བྱ་རོ་རོ་ན་མདུང་གྀ་རྩེ་རང་ནིག། ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག བརླའ་བརྡུངས། སྤུར་བཏབ། འོ་དེ་མྱེད་སྤུ་དེ་མེད། །ཆེས་གསུངས་སོ། སླར་པྱིང་བ་སྟག་རྩེར་གཤེགས་སོའ། ཡུལ་ཡབ་ཀྱི་རྗེ་རུ་གཤེགས་སོ། ཡུལ་པྱི་འབྲོག་གདེངས་མྱི་པྱོལ་གྱི་ཆ་འོ། དོག་ཡབ་ཀྱི་ཆབ་མཆིས་ཀྱིས། ས་འོན་བུ་སྤུར་མྱྀ་ཁོག་གྀ་ཆ་འོ། དེ་ཞེས་མགུར་གསུངསོ། སྒྱེད་པོ་འོག་གཟུགས་ན། ཟངས་བླ་ནས་ཕབ་སྟེ། རྗེ་རུ་གཤེགསོ། །བཤོས་ན་ནྀ་སྤུ་དེ་གུང་རྒྱལ། གྲོངས་ན་ནྀ་གྲང་མོ་གནམ་བསེའ་བརྩིག། འགྲེང་མགོ་ནག་གྀ་རྗེ། དུད་རྔོག་ཆགས་ཀྱི་རྐྱེན་དུ་གཤེགསོའ། །ཞེས་གསལ་ཡོད། དེ་ཡང་ཡིག་ཆ་འདིར་རུ་ལ་སྐྱེས་ཀྱི་བཀའ་སྤྱད་སྡུག་རུས་ཆེན་པོའི་ངང་ནས། བོད་ཀྱི་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་སླར་ཡང་ཡབ་མེས་ཀྱི་སྲིད་ཁྲིར་ཇི་ལྟར་བསྙེགས་ཐུབ་པའི་སྐོར་འཁོད་ཡོད་ཅིང༌། དེ་ལ་བསམ་གཞིག་རེ་བྱེད་ན། དུམ་མཚམས་མི་འདྲ་བའི་དོན་གནད་ཆེ་ཁག་གསུམ་ཙམ་ཡོད་པར་མཐོང༌།

Bangchen admin· · 0 མཆན་འགྲེལ། ·

གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༧
འདོན་ཐེངས་སྔོན་མའི་འཕྲོས།

དཔའ་བོ་གཙུག་ལག་ཕྲེང་བས། རྒྱལ་སྲས་གསུམ་ཡོད་པར་བསམས་ནས། གཅན་པོ་ཤ་ཁྲིས་ཀོང་གི་རྗེ་བོ་མཛད། འབྲིང་པོ་བྱ་ཁྲིས་སྤོ་བོའི་མངའ་དབང་མཛད། ཆུང་བ་ཉ་ཁྲིས་ཉང་པོའི་རྗེ་མཛད་ཅེས་གསུངས་པར་སྣང་ཡང༌། ཇོ་ནང་པ་ཏཱ་ར་ནཱ་ཐས་བརྩམས་པའི་<<མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་>>སམ། <<མྱང་ཆོས་འབྱུང་>>ལས་དེའི་སྐོར་གསལ་ཆ་གང་ཡང་མ་བྱུང་ཚུལ་བཤད་འདུག་ན། ཕལ་ཆེར་ཉང་པོའི་ཕྱོགས་སུ་རྒྱལ་སྲས་གསུམ་པོ་གང་རུང་ཞིག་བྱོན་ཏེ་རྒྱལ་སྲིད་བསྐྱངས་པའི་ལོ་རྒྱུས་མེད་པ་མིན་ནམ་སྙམ་ཞིང༌། གལ་ཏེ་རྒྱལ་སྲས་གསུམ་པོ་གང་ཡང་རུང་བ་ཞིག་ཉང་པོའི་ཕྱོགས་སུ་བྱོན་ནས་རྒྱལ་པོ་ཟིན་པའི་གནས་ལུགས་ཤིག་ཡོད་ན་མྱང་ཆོས་འབྱུང་ནང་ངེས་པར་དུ་འཁོད་དགོས་ངེས་ལྟ་བུ་གཞན་གྱིས་བསམས་འདུག ༈ རྒྱལ་པོ་གྲི་གུམ་བཙན་པོའི་སྐུ་དུས་སུ་གོ་ཁྲབ་དང་རལ་གྲི་ཐོག་མར་དར། གསས་མཁར་ས་ལེ་བྱེལ་ཚང་བཞེངས། གླུ་སྲིང་མེར་ལྕམ་མམ་དབལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་ཞེས་དུང་དཀར་ཚིག་མཛོད་དུ་གསལ་ལོ། །

Bangchen admin· · 0 མཆན་འགྲེལ། ·

གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༦
འདོན་ཐེངས་སྔོན་མའི་འཕྲོས།

གཞན་ཡང༌། གྲི་གུམ་བཙན་པོའི་ཐུགས་ལ་གདོན་ཞུགས་ཟེར་དོན་ནི་བོན་བསྣུབས་པའི་རྒྱུ་མཚན་གྱིས་མི་དགའ་ཁག་མདོགས་ཤིག་བྱས་པ་ཡིན་ཚོད་དེ། དོན་འགྲུབ་རྒྱལ་གྱིས། འདི་ནི་ལོ་རྒྱུས་ཐོག་གྲི་གུམ་བཙན་པོས་བོན་བསྣུབས་པའི་གོ་རིམ་དང་རྒྱུ་རྐྱེན་ཡིན་ལ། བོད་ཀྱི་ལོ་རྒྱུས་ཐོག་གྲི་གུམ་བཙན་པོའི་ཐུགས་ལ་གདོན་ཞུགས་ཟེར་བའི་ནང་དོན་ངོ་མའང་ཡིན། ཞེས་གསལ་འདུག་པ་དང༌། ཡང༌། དེས་ན་བོད་ཀྱི་ལོ་རྒྱུས་དང་ཏུན་ཧོང་གཏེར་ཡིག་ལས་འབྱུང་བའི་གྲི་རུམ་བཙན་པོའི་སྣང་བརྙན་དེ་ནི་སྐུར་འདེབས་ཀྱི་རྣམ་པ་ཅན་ཞིག་ཡིན་པ་དང༌། མཚན་ལ་གྲི་གུམ་བཏགས་པའི་རྐྱེན་གྱིས་རྒྱལ་པོས་རྩལ་འགྲན་ནས་གྲོངས་ཟེར་བ་དེ་ཡང་གྲི་གུམ་བཙན་པོ་གཤེགས་པའི་རྗེས་སུ་བོན་པོ་རྣམས་ཀྱིས་སྒྲོ་བཏགས་ནས་བསྒྲིགས་པའི་གཏམ་རྒྱུད་ཅིག་ཡིན་པ་ཤེས་ཐུབ། ཅིའི་ཕྱིར་ཞེ་ན། གྲི་གུམ་བཙན་པོ་ནི་བོན་པོ་རྣམས་ཀྱིས་སྨད་ར་བཏང་བ་བཞིན་མི་གླེན་པ་ཞིག་མིན་པ་དང༌། བླང་དོར་གྱི་ཡོན་ཏན་ལྡན་ཞིང༌། ལེགས་ཉེས་འབྱེད་པའི་ཤེས་རབ་ཆེ་བ་མ་ཟད། ཆབ་སྲིད་སྐྱོང་བའི་བློ་ཁོག་ཡངས་ཤིང༌། གལ་ལ་ཐུག་ཚེ་བློན་པོ་དབང་ཆེན་རྣམས་ཀྱི་གཉའ་བ་གནོན་པ་དང༌། ཐ་ན་རྒྱང་ཕུད་གཏོང་ཐུབ་པའི་དབང་ཆ་དང་ལྡན་པ་ཞིག་རེད་ཅེས་གསལ་འདུག

Bangchen admin· · 0 མཆན་འགྲེལ། ·

གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༥
འདོན་ཐེངས་སྔོན་མའི་འཕྲོས།

“དུས་ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་དུ་གདའ་སྟེ། དུས་ལན་གཅིག་ཙམ་ན། སྲས་དབོན་རྣམས་ཀྱི་སྐུ་རིང་ལ། རྒྱལ་སྲིད་བོན་པོས་འཁྱེར་བར་མཆིའོ” “བོན་ལ་ཆབ་གསོལ་བར་གསོད་པའི་དོན་བཀའ་མི་ཕེབས་པས། གཤེན་པོ་མཐའ་རུ་སྤྱུགས་པའི་བཀའ་མཆིད་བསྲིང་བར་ཞུ།”ཞེས་སོགས་ཡང་ཡང་གླེངས་པས་རྒྱལ་པོ་ཡང་ཐུགས་འཁྲུགས་ནས་བདེན་སྙམ་པ་བྱུང་སྟེ། སྐུ་སྲུང་བའི་བོན་ཙམ་ལས། གཤེན་པོ་ཐམས་ཅད་མཐའ་ལ་སྤྱུགས་ནས་བོན་བསྣུབས་ཚུལ་སོགས་མང་དུ་གསལ་བ་ལ་དཔགས་ན་སྐབས་དེ་དུས་ཀྱང་བོན་གཤེན་རྣམས་དང་རྒྱལ་བློན་གྱི་བར་སྲིད་དབང་འཕྲོག་སྲུང་གི་འཐབ་རྩོད་རྣོ་ངར་ཅན་ཞིག་བྱུང་བ་མངོན་པས། ལོ་ངམ་བྱ་བ་ཡང་རྒྱལ་ཕྲན་ཞིག་ཡིན་སྟབས་བོན་གྱི་རྒྱབ་བྱས་ནས་དམག་འཁྲུག་ལངས་པའི་ནང་བཙན་པོ་བཀྲོངས་ནས་རེ་ཞིག་རྒྱལ་སྲིད་ཀྱང་ལོ་ངམ་ལ་ཤོར་བར་སྣང་ཞེས་སོགས་གསལ་བ་ལྟར། གྲི་གུམ་བཀྲོངས་སྟངས་ལ་བཤད་སྲོལ་མི་འདྲ་བ་ཆེ་ཁག་དེ་གཉིས་ཙམ་སྣང་ངོ༌། །

Bangchen admin· · 0 མཆན་འགྲེལ། ·

གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༤
འདོན་ཐེངས་སྔོན་མའི་འཕྲོས།

༢རང་རེའི་ལོ་རྒྱུས་དང་གཏེར་ཡིག་ཕལ་མོ་ཆེ་བའི་ནང་དུ་རྒྱལ་པོ་གྲི་གུམ་བཙན་པོ་ནི། མཚན་བཏགས་པ་ནོངས་པས་ཐུགས་ལ་གདོན་ཞུགས་ཏེ་ལོ་ངམ་རྟ་རྫི་དང་འཐབ་ནས་གྲོངས་པ་ཡིན་ཞེས། དངོས་བདེན་ལ་ནོངས་པའི་འཐབ་འཁྲུག་གི་རྒྱུད་རིམ་གྲ་འགྲིག་པོ་ཞིག་གི་ཐོག་ཏུ་བཞག་པ་ཙམ་ལས། དོན་དངོས་ཀྱི་གནས་ལུགས་ཡོད་ཚད་གསར་བཟོའི་གཏམ་རྒྱུད་ཀྱི་རྒྱབ་ཕྱོགས་སུ་སྦས་ནས་གཉུག་མའི་གཤིས་ལུགས་བསུབ་ཅི་ཐུབ་བྱས་ཡོད་པ་དང༌། ལྷག་པར་དུ་གྲི་གུམ་བཙན་པོ་ནི་ཆེས་སྡུག་རྩུབ་དང་གཏུམ་དྲག་ཆེ་བའི་རྒྱལ་སྲས་ཤིག་ཏུ་བཙས་པའི་དཀྱོག་བཤད་བྱ་ཐབས་ཁོ་ན་བྱས་ཡོད་ཚུལ་ཡིག་ཆ་ཁག་ཏུ་གསལ་ཡོད། དོན་དངོས་ལ། རྒྱལ་པོ་གྲི་གུམ་བཙན་པོ་དང༌། ལོ་ངམ་གཉིས་འཐབ་དོན་ནི། ཆབ་སྲིད་དང་ཆོས་ལུགས་ཀྱི་གནད་དོན་ཐད་མ་མཐུན་པར་ཁྱོད་ཤི་ང་གསོན་གྱི་འགལ་ཟླའི་མེ་ཆེན་དྲག་ཏུ་འབར་བའི་དབང་གིས་རྒྱལ་པོ་ཚང་གི་སྲིད་དབང་ལ་ཕམ་ཉེས་སུ་གྱུར་པ་དང༌། དེའི་རྗེས་སུ་ལོ་ངམ་གྱིས་མི་ལོ་ཧྲིལ་པོ་བཅུ་གསུམ་རིང་བོད་ཀྱི་རྒྱལ་སྲིད་ཟིན་པར་འཁོད། དེ་ཡང༌། བོན་གཞུང་སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ལས། དྲི་གུམ་བཙན་པོའི་རིང་ལ་ནི། །བོད་ཁམས་ཕུང་དུ་ཐོ་བས་ན། །བོད་ལ་ཆོས་ཀྱང་ཟུར་ཙམ་དེ་རུ་བྱུང༌། །

Bangchen admin· · 0 མཆན་འགྲེལ། ·

གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༣
གསུམ་པ། སྟོད་ཀྱི་སྟེང་གཉིས་ཀྱི་སྐོར་ལ་གླེང་བ། སྟོད་ཀྱི་སྟེང་གཉིས་ཞེས་པ་ནི། བོད་ཀྱི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོ་དང༌། དགུ་པ་སྤུ་དེ་གུང་རྒྱལ་རྣམ་གཉིས་ལ་ཟེར་གྱི་ཡོད་པ་ལྟར། གཤམ་དུ་བཙན་པོ་དེ་གཉིས་ཀྱི་སྐོར་ལ་རགས་ཙམ་བཤད་པར་བྱའོ།། དང་པོ། བོད་ཀྱི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོའི་ཡབ་ནི་སྲིབས་ཁྲི་བཙན་པོ་དང་ཡུམ་རྒྱལ་མོ་ཟི་ལིང་ཤོལ་མ་གཉིས་ཀྱི་སྲས་སུ་འཁྲུངས་པར་གསལ་ལ། མཚན་ལ་གནམ་ཕྲུལ་བོ་གཞུང་བཙན་པོ་ཞེས་གདགས་པར་བཤད། དེས་ན། གྲི་གུམ་བཙན་པོ་ཡིག་ཆ་མི་འདྲ་བའི་ནང་དུ་གྲི་གུམ་ཞེས་པའི་ཡིག་འབྲུ་གཉིས་པོ་འདི་ཉིད་འབྲི་སྟངས་མི་འདྲ་བའི་ཁག་ལ། ཁྲི་གུམ། དྲི་གུམ། གྲི་གུམ། གྲི་རུམ་བཅས་མང་དུ་སྣང༌།ཞེས་པ་ནི་ཅི་ཞིག་གི་ཕྱིར་དུ་བློན་པོ་ལོ་ངམ་དང་འཐབ་འཛིང་གིས་བཙན་པོ་གནམ་ཕྲུལ་བོ་གཞུང་བཙན་པོ་བཀྲོངས་ཟིན་པའི་རྗེས་ལ་བྱུང་བའི་མིང་བླ་དྭགས་སུ་བཏགས་པའམ་ཐོགས་སོང་བ་ཞིག་མིན་ནམ་སྙམ།

Bangchen admin· · 0 མཆན་འགྲེལ། ·

གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༢༢
གཉིས་པ། བོད་ཀྱི་རྒྱལ་རབས་ལ་གནམ་གྱི་ཁྲི་བདུན་ལས་གསུམ་པ་དིང་ཁྲི་བཙན་པོ་དང༌། བཞི་པ་སོ་ཁྲི་བཙན་པོ། ལྔ་པ་མེར་ཁྲི་བཙན་པོ། དྲུག་པ་གདགས་ཁྲི་བཙན་པོ། བདུན་པ་སྲིབ་ཁྲིད་བཙན་པོ་བཅས་ཀྱི་སྐོར་ཞིག་གླེང་བ།
གནམ་གྱི་ཁྲི་བདུན་གྱི་སྐོར་ལ། ལྡེའུ་ཆོས་འབྱུང་རྒྱས་པ་ལས། རྗེ་གཉའ་ཁྲི་བཙན་པོ་དང་གནམ་མུག་མུག་གི་སྲས་མོ་བཤོས་པའི་སྲས་མུག་ཁྲི་བཙན་པོ། དེ་དང་ས་དིང་དིང་གི་སྲས་མོ་བཤོས་པའི་སྲས་དིང་ཁྲི་བཙན་པོ། དེ་དང་སོ་ཐམ་ཐམ་གྱི་སྲས་མོ་བཤོས་པའི་སྲས་སོ་ཁྲི་བཙན་པོ། དེ་དང་འདར་ཡེད་ཡེད་ཀྱི་སྲས་མོ་བཤོས་པའི་སྲས་འདར་མེར་ཁྲི་བཙན་པོ།ཁྲི་བཙན་པོ། དེ་དང་གདགས་ཀྱི་ལྷ་མོ་བཤོས་པའི་སྲས་གདགས་ཁྲི་བཙན་པོ། དེ་དང་སྲིབས་ཀྱི་ལྷ་མོ་བཤོས་པའི་སྲས་སྲིབས་ཁྲི་བཙན་པོ། ཞེས་གསལ་བ་དང༌། ལྷོ་བྲག་ཆོས་འབྱུང་ནང་ལའང༌། གནམ་མུག་མུག་ལས་སྐྱེས་པས་མུག་ཁྲི་བཙན་པོ། དེ་བཞིན་དུ་ས་དིང་དིང༌། སོ་ཐམ་ཐམ། དོག་མེར་མེར། གདགས་ལྷ་དཀར་མོ། སྲིབས་ལྷ་སྔོན་མོ་རྣམས་ཡུམ་ཡིན་པས་སོ་སོའི་མཚན་བཏགས་ཞེས་ཀྱང་གྲག་གོ།

Bangchen admin· · 0 མཆན་འགྲེལ། ·