རྒྱལ་དར་གྱིས་འོས་མང་དུ་འགྲོ་སྲིད་དམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༢༨ ཕྱི་ལོ་ ༢༠༢༠/༡༡/༡༨ ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་བསྡུ་ཆེན་མོའི་ལས་རིམ་མགོ་བཙུགས་ཟིན་པ་དང་། ཆོག་དང་མི་ཆོག་གི་གནས་ཚུལ་མང་པོ་ཞིག་ཀྱང་གསལ་བསྒྲགས་གནང་ཡོད། གནད་དོན་ཁག་ཅིག་ལ་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུས་དཔྱད་བརྗོད་ཅིག་སྤེལ་བ་དང་། དེ་ལ་དབུས་འོས་བསྡུ་ལས་ཁང་ནས་ལན་འདེབས་ཀྱང་བྱས་སོང་། སྤྱིར་སྤྱི་ཚོགས་ནང་ལྟ་སྟངས་མི་འདྲ་བ་ལ་བརྟེན་ནས་མཐོང་ཚུལ་མི་འདྲ་བའང་ཡོང་གི་ཡོད་པ་དང་། དེ་ལ་བརྟེན་ནས་བསམ་ཚུལ་མི་འདྲ་བ་མང་པོ་ཆགས་ཀྱི་ཡོད་པའང་རྒྱུན་ལྡན་ཡིན་པས། གནས་ཚུལ་མང་པོ་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན་དེ་ནི་ཧང་སང་དགོས་པའི་གནད་དོན་ཞིག་གང་ཡང་མ་རེད། འོན་ཀྱང་གནས་ཚུལ་དེའི་རྒྱབ་ལྗོངས་དང་། དོན་དངོས་གང་ཡིན་ལ་བསམ་བློ་གཏོང་དགོས་པ་དེ་ཡང་ཧ་ཅང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་མི་མང་གི་ངོས་ནས་ཀྱང་དེ་ལ་དོ་སྣང་དང་ཤེས་རྟོགས་ཡོང་ཐབས་དགོས་པ་དེ་ནི་མང་གཙོའི་གོམས་གཤིས་ཡར་རྒྱས་གཏོང་བའི་ཐབས་ལམ་བཟང་ཤོས་དེ་རེད། དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དོན་ཚན་༡༢ གནང་ཡོད་པའི་ནང་། “༡)སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མཁན་རྣམས་ཀྱིས་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དྲིལ་བསྒྲགས་ཡིག་ཆའི་སྟེང་༧གོང་ས་མཆོག་གི་སྐུ་པར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། བོད་ཀྱི་ས་ཁྲ་སོགས་གང་དུའང་བེད་སྤྱོད་མི་ཆོག”ཅེས་གལ་ཆེན་དོན་ཆེན་བྱས་ནས་དོན་ཚན་དང་པོར་བཀོད་ཡོད། དེ་དག་གི་ནང་ནས་༧གོང་ས་མཆོག་གི་སྐུ་པར་དང་འབྲེལ་བ་དེ་ལ་རྒྱུ་མཚན་ཡོད་ཅིང་། དཔེར་ན་འོས་གཞི་ག་གེ་མོ་ཞིག་རང་ཉིད་༧གོང་ས་མཆོག་དང་མཉམ་དུ་ཡོད་པའི་སྐུ་པར་ཞིག་འོས་བསྡུའི་དྲིལ་བསྒྲགས་ནང་བེད་སྤྱོད་བཏང་ན། འོས་འཕེན་པ་ཕལ་ཆེ་བའི་བསམ་བློར་མི་དེ་ལ་༧གོང་ས་མཆོག་གིས་ཐུགས་མཉེས་པོ་ཡོད་པའི་མཐོང་ཚུལ་དེ་སླེབས་ངེས་པས་ཤུགས་རྐྱེན་ཆེན་པོ་ཡོད་ཅིང་། གཞུང་གི་ལས་རྟགས་སྒེར་གྱི་བེད་སྤྱོད་གཏོང་མི་འོས་པ་དེའང་སྤྱི་སྲོལ་དུ་གྱུར་ཡོད། བོད་པའི་རྒྱལ་དར་དེ་གཞུང་སྒེར་གྱི་ཚོགས་པ་གང་ཡིན་ཡང་བེད་སྤྱོད་བྱེད་བཞིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་རྣམ་པས་ཀྱང་ངོ་རྒོལ་སྐད་འབོད་སོགས་སུ་བེད་སྤྱོད་བྱེད་བཞིན་པས། དེ་ལ་ཀླན་ཀ་ཡོང་གཞི་གང་ཡང་མེད་པ་མ་ཟད། འོས་གཞིར་ལང་མཁན་ཞིག་གིས་བོད་ཀྱི་རྒྱལ་དར་གྱི་པར་བཞག་པ་དང་། རྒྱབ་སྐྱོར་བའི་འདུ་འཛོམས་ནང་བོད་ཀྱི་རྒྱལ་དར་ཁུར་བ་བཅས་ལ་བརྟེན་ནས་དམིགས་བསལ་གྱིས་འོས་མི་བྱེ་བྲག་པར་འོས་ཤོག་མང་དུ་འགྲོ་བའི་རྒྱུ་མཚན་གང་ཡང་མེད་ངེས་རེད་ལ། འོས་འཕེན་པའི་འདུ་འཛོམས་སྐབས་བོད་ཀྱི་རྒྱལ་དར་མང་པོ་ཕྱར་ནས་འགྲོ་བ་མི་རིགས་གཞན་གྱིས་དངོས་སུ་དང་། འདྲ་པར་ནང་ནས་མཐོང་བ་སོགས་གང་ཡིན་ཡང་བོད་དོན་དྲིལ་བསྒྲགས་ཕན་ཐོགས་ཆེན་པོ་ཡོད་པས། འོས་བསྡུའི་དྲིལ་བསྒྲགས་སོགས་སུ་བོད་ཀྱི་རྒྱལ་དར་བེད་སྤྱོད་མི་ཆོག་ཚུལ་བསྒྲགས་པ་དེར་རྒྱུ་མཚན་གང་ཡང་མེད་པ་དང་། སྤྱི་ཚོགས་ནང་གླེང་སློང་དང་ལྟ་ཚུལ་སླེབས་ཟིན་རྗེས་ད་དུང་མུ་མཐུད་མཁྲེགས་འཛིན་གནང་ན་དེ་བས་ཀྱང་གནོན་སྐྱོན་ཆེན་པོ་ཡོད། འོན་ཀྱང་འོས་བསྡུ་ལས་ཁང་གི་ཐག་གཅོད་དེ་བོད་རྒྱལ་ཁབ་ཀྱི་ངོ་བོ་གཏན་ནས་མི་མཚོན་པའི་ཆེད་དུ་བོད་ཀྱི་རྒྱལ་དར་བེད་སྤྱོད་མི་ཆོག་པར་བཟོས་པ་ཞིག་མིན་ངེས་ནའང་། བོད་ཀྱི་རྒྱལ་དར་གྱིས་འོས་གཞིར་བཞེངས་མཁན་ལ་དམིགས་བསལ་འོས་ཤོག་གིས་ཁེ་ཕན་རག་ཐུབ་པའི་རྒྱུ་མཚན་བགྲང་རྒྱུ་མེད་པ་དང་། བོད་ཀྱི་རྒྱལ་དར་ཡོད་ན་དེ་ལ་བརྟེན་ནས་ཞོར་དུ་བོད་དོན་དྲིལ་བསྒྲགས་ཀྱི་རྣམ་འགྱུར་ཡང་ཆེན་པོ་ཞིག་ཐོན་བཞིན་ཡོད་པས། མདོར་བསྡུས་ན་བོད་ཀྱི་རྒྱལ་དར་བེད་སྤྱོད་བྱ་རྒྱུར་དགག་བྱ་གནང་བ་དེར། འོས་བསྡུ་ལས་ཁང་གི་གསལ་བཤད་དང་གཞན་ཡང་ཕྱོགས་གང་ནས་བལྟས་ཀྱང་རྒྱུ་མཚན་དང་གནས་ལུགས་གསལ་པོ་ཡོད་པ་ཞིག་ཏུ་གཏན་ནས་གྱུར་མེད། ད་དུང་འོས་བསྡུ་ལས་ཁང་ནས་བོད་ཀྱི་ས་བཀྲ་བེད་སྤྱོད་ཆོག་མིན་བསྒྲགས་པ་འདི་ཡང་དོགས་པ་འདྲ་མིན་སློང་གཞི་ལྟ་བུ་ལས་དམིགས་བསལ་གྱིས་རྒྱུ་མཚན་ཡོད་པ་ཞིག་ཏུ་མཐོང་དཀའ་བ་མ་ཟད། རྩོམ་པ་པོ་འཇམ་དབྱངས་ནོར་བུས་བརྗོད་པ་ལྟ་བུའི་དོགས་པའང་སྐྱེ་ངེས་པ་ཞིག་ཏུ་གྱུར་ཡོད། མདོར་ན་དབུས་འོས་བསྡུ་ལས་ཁང་ནས་འོས་གཞིར་ལང་མཁན་རྣམ་པས་བོད་ཀྱི་རྒྱལ་དར་བེད་སྤྱོད་བྱེད་པར་དགག་བྱ་གནང་བ་དེར། དགོས་པ་ལས་དགག་བྱ་མང་བའི་ཐག་གཅོད་ཅིག་ཡིན་པས་སྤྱི་ཚོགས་ནང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་དང་། ད་དུང་བོད་ནང་དུ་༧གོང་ས་མཆོག་གི་སྐུ་པར་ལ་དམ་དྲག་ཡོད་པ་དང་། བོད་ཀྱི་རྒྱལ་དར་ལ་དེ་བས་ཀྱང་དམ་དྲག་ཡོད་པས་འགྲེལ་བཤད་དང་རྒྱུ་མཚན་སྣ་ཚོགས་ཀྱིས་འབྲེལ་བ་བཏགས་ན་བསམ་བློའི་ནང་ཤུགས་རྐྱེན་ཐེབས་ངེས་རེད། གླེང་སློང་ཡོང་ཚར་བའི་རྗེས་སུ་རྒྱུ་མཚན་དང་གནས་ལུགས་ཚད་ལྡན་ཡོད་ན་བསམ་ཚུལ་དེ་བཤད་མཁན་སུ་ཡིན་ཡང་དང་ལེན་བྱེད་དགོས་པ་དང་། རྒྱུ་མཚན་དང་གནས་ལུགས་མེད་ན་བཤད་མཁན་སྐད་གྲགས་ཆེ་ཆུང་ལ་ལྟ་མི་དགོས་པར་དང་ལེན་གཏན་ནས་བྱེད་མི་འོས། དེར་བརྟེན་༧གོང་ས་མཆོག་གི་སྐུ་པར་གྱི་སྐོར་ལ་རྒྱུ་མཚན་མེད་པ་མིན་ཡང་། བོད་ཀྱི་རྒྱལ་དར་དང་འབྲེལ་བའི་སྐོར་འོས་བསྡུའི་ལས་ཁང་གི་འགྲེལ་བཤད་ལ་རྒྱུ་མཚན་ཏིལ་འབྲུ་ཙམ་ཞིག་མི་འདུག་སྙམ།།

རང་མགོར་ཆུ་ཁྲིད་དུ་གྱུར་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༥༥  ཕྱི་ལོ་ ༢༠༡༩/༦ /༡༢      ཨ་རིས་གཙོས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ད་ལྟའི་ཆར་རྒྱ་ནག་ལ་དོགས་ཟོན་གྱིས་སྟངས་འཛིན་ནན་པོ་བྱེད་ཐུབ་པ་ཞིག་བཟོ་རྒྱུའི་རེ་བ་རྒྱག་གི་ཡོད་ནའང་། དེང་སྐབས་རྒྱ་ནག་གི་ཤུགས་རྐྱེན་འཛམ་གླིང་ཤར་ནུབ་ཀུན་ཏུ་ཧ་ཅང་དར་ཁྱབ་ཆེན་པོ་སོང་ཡོད་པ་དེ་ཡང་། ཨ་རིས་གཙོས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་ཡོད། འགྲོ་བཞིན་པའི་ཨ་རྒྱའི་ཚོང་དམག་ལ་བརྟེན་ནས་མ་འོངས་པར་རྒྱ་ནག་གི་དཔལ་འབྱོར་ཉམས་གུད་དུ་འགྱུར་རྒྱུ་དང་། དེ་ལ་བརྟེན་ནས་རྒྱ་ནག་འཐོར་ཞིག་ཏུ་འགྱུར་བའམ། ཡང་ན་མང་གཙོའི་ལམ་ལུགས་སུ་འགྱུར་ཐུབ་པའི་རེ་བ་ཡོད་ཚུལ་བརྗོད་བཞིན་ཡོད་པ་རེད། སྔོན་མ་རྒྱ་ནག་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་སུ་འཇུག་སྐབས་ཀྱང་རྒྱ་ནག་ཏུ་དཔལ་འབྱོར་ཡར་རྒྱས་བཏང་ནས། ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་མང་གཙོ་ཅན་དུ་བསྒྱུར་ཐུབ་པའི་རེ་བ་བརྒྱབ་ཡོད་པ་མ་ཟད། ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲད་ནས་རྒྱ་ནག་མང་གཙོར་འགྱུར་བར་ཤུགས་རྐྱེན་ཐེབས་པའི་རེ་བའང་བརྒྱབ་ཡོད་པ་རེད། དེ་རིང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པ་དེ། ཨ་རིས་སྣེ་ཁྲིད་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་རྒྱབ་སྐྱོར་བྱས་པ་ལ་བརྟེན་ནས་བྱུང་ཡོད་པ་དང་། སྐབས་དེ་དུས་ཨ་རི་སོགས་ཀྱིས་རྒྱ་ནག་དཔལ་འབྱོར་གྱི་གནས་སྟངས་སྐྱོ་པོ་ཡིན་པས། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་དང་མཉམ་དུ་དཔལ་འབྱོར་ཡར་རྒྱས་གཏོང་བ་དང་། དེ་མཚུངས་རྒྱ་ནག་མི་འབོར་ཧ་ཅང་ཆེ་བས། རྒྱ་ནག་ནི་ཁྲོམ་ར་གལ་ཆེ་ཤོས་ཡིན་པའི་ཐོག རྒྱ་མི་རིགས་ནི་ལས་ལ་བརྩོན་པའི་མི་རིགས་ཤིག་ཡིན་པས། ཨ་རིས་གཙོས་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་བཟོ་གྲྭ་མང་པོ་རྒྱ་ནག་ཏུ་འཛུགས་ཐུབ་ན་མ་རྩ་ཆུང་བའི་ཐོག་ནས་ཁེ་བཟང་ཆེན་པོ་ལེན་ཐུབ་པའི་འཆར་གཞི་ཡང་འཐེན་ཡོད། དེ་ལ་བརྟེན་ནས་རྒྱ་ནག་ཏུ་མ་རྩ་འཛུགས་པ་དང་། རོགས་སྐྱོར་མང་པོ་བྱས་ནས་དཔལ་འབྱོར་གྱི་ཐོག་ནས་ཨ་རི་ལའང་ཚད་ཚད་བྱེད་ཐུབ་མཁན་ཞིག་ཏུ་གྱུར་ཡོད་ཅིང་། ནུབ་ཕྱོགས་ཀྱི་ཚོང་པ་སྒེར་མང་པོ་ཞིག་ལ་དཔལ་འབྱོར་གྱི་ཐོག་ནས་ཀྱང་ཁེ་ཕན་ཐོབ་ཡོད། རྒྱ་ནག་གིས་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་རོགས་སྐྱོར་གྱི་སྲིད་བྱུས་དང་། དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ཚང་མ་རྟོགས་ནས། རོགས་སྐྱོར་དང་གོ་སྐབས་ཚང་མ་ཆད་ལུས་མེད་པ་བླངས་ཡོད་པ་མ་ཟད། ད་དུང་དེ་བས་ཀྱང་ལྷག་པ་ཞིག་ལ་རྒྱ་ནག་གི་ན་གཞོན་ཤེས་ལྡན་པ་མང་པོ་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་ཏུ་བཏང་ནས། ཚན་རིག་ལག་རྩལ་དང་། ཚོང་དོན་གྱི་གསང་བ་རྐུ་འཁྱེར་གྱི་ཐབས་ཤེས་སྤྱད་ནས། ཨ་རི་སོགས་ལ་ཉེན་ཁ་ཡོད་པའི་གནས་ཚུལ་ཡང་མང་པོ་ཕྱི་ལ་ཐོན་ཡོང་གི་ཡོད། ཨ་རིས་གཙོས་རྒྱབ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་དཔལ་འབྱོར་གྱི་རོགས་སྐྱོར་འགོ་འཛུགས་བྱེད་སྐབས། རྒྱ་ནག་གི་རེ་བ་དང་དམིགས་ཡུལ་སོགས་དོན་དངོས་ཚང་མ་རྟོགས་ཐུབ་མེད་པར། ད་ལྟའི་ཆར་རང་མགོར་ཆུ་ཁྲིད་ཀྱི་དཔེ་རུ་གྱུར་ཡོད་པ་གསལ་པོར་ཡོད། རྒྱ་ནག་གིས་ཨ་རི་སོགས་ཀྱི་རྒྱབ་མདུན་ཆ་ཚང་རྟོགས་ནས་དེ་དག་གི་དམིགས་ཡུལ་གཏན་ནས་འགྲུབ་བཅུག་མེད་པ་དང་། ཁོ་རང་ཚོ་ལ་དགོས་པའི་ཁེ་ཕན་དེ་བླངས་ནས་གྱོང་གུད་གང་ཡང་ཕོག་མེད། ད་ལྟ་ཨ་རྒྱའི་ཚོང་དམག་དེ་ཕྱིའི་རྣམ་པའི་ཐོག་ནས་ཚ་ཚ་འུར་འུར་ལྟ་བུར་གྱུར་ཡོད་པ་དང་། དེ་ལ་བརྟེན་ནས་གནས་སྐབས་ཕྱོགས་གཉིས་ཀར་གྱོང་རག་སྲིད་ཀྱང་། ཨ་རི་སོགས་མཐུན་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་མུ་མཐུད་ནས་ཚོང་དམག་དེ་ཕྱིར་འཐེན་གཏན་ནས་མ་བྱས་ན། ཕུགས་ནས་རྒྱ་ནག་ལ་གནོན་སྐྱོན་ཆེན་པོ་ཞིག་ཐེབ་ངེས་རེད། འོན་ཀྱང་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་མ་འོངས་པར་འོས་བསྡུའི་རྒྱལ་ཁ་འཐོབ་ཆེད་ལ་དམིགས་ནས། ད་ལྟའི་ཚོང་དམག་དེ་མཇུག་སྐྱོང་བྱེད་དང་མི་བྱེད་གཉིས་ནས་མཇུག་སྐྱོང་བྱེད་ཐུབ་པའི་རེ་བ་ཆུང་དུ་འགྲོ་སྲིད། ཨ་རི་དང་མཐུན་ཕྱོགས་ཁག་གིས་གལ་སྲིད་མུ་མཐུད་ཚོང་དམག་ཤུགས་ཆེ་རུ་བཏང་ན། དེའི་ཚོད་ཀྱིས་རྒྱ་ནག་གིས་ཀྱང་ཡ་ལན་སློག་ཐབས་བྱེད་ངེས་ཀྱང་། ཨེ་ཤི་ཡའི་རྒྱལ་ཁབ་རྒྱ་གར་དང་། ཉི་ཧོང་སོགས་སྟོབས་ཆེན་རྒྱལ་ཁབ་མང་པོ་ཨ་རི་སོགས་དང་མཉམ་དུ་འགྲོ་ངེས་པ་མ་ཟད། རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་འཆར་གཞི་ཆེན་པོ་དེ་ཡང་རིམ་པས་ཕན་མེད་དུ་འགྱུར་རྒྱུ་སོགས་རྒྱ་ནག་ལ་གནོན་སྐྱོན་ཆེན་པོ་ཐེབ་ངེས་རེད། མདོར་ན་ཨ་རིས་གནས་སྐབས་ཚོང་གི་ཁེ་ཕན་ཆུང་ངུ་ཞིག་ལ་དམིགས་ནས་ཐབས་ཤེས་དེ་བེད་སྤྱད་པ་ཡིན་ན། དོན་གྱིས་རྒྱ་ནག་ལ་གྲ་སྒྲིག་དང་དོགས་ཟོན་བྱེད་པའི་གོ་སྐབས་འཕར་མ་ཞིག་སྤྲད་པ་ཙམ་རེད། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་ཁེ་ཕན་གཙོ་བོ་བཟུང་ནས་རྒྱ་ནག་གི་གཉའ་གཅོག་འདོད་ཀྱི་བསམ་བློ་བརྟན་པོ་ཞིག་ཡོད་པའི་དབང་དུ་བཏང་ན། མཇུག་འབྲས་ཀྱང་མི་དམན་པ་ཞིག་འཐོབ་ངེས་རེད། ད་ལྟའི་ཆར་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་ཨ་རི་དང་མཉམ་དུ་ཡོད་པ་དང་། […]

ཨ་རིའི་གྲོས་ཚོགས་ནང་རྒྱ་རི་རིན་པོ་ཆེར་ཆེ་མཐོང་ཆེད་བཞག་པའི་གྲོས་ཆོད།

རྒྱ་རི་བློ་གྲོས་ལ་ཆེ་མཐོང་ཆེད་ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཆོད་ཨང་༥༥༧ ཟེར་བ་དེ་གྲོས་ཚོགས་གོང་མའི་ཆབ་སྲིད་ཚོགས་པ་གཉིས་ཀའི་མཐུས་མི་ཚང་མ་ཡིས་ཁ་གཅིག་གྲག་གིས་སྤྱི་ལོ་༢༠༡༢ ལོའི་སྤྱི་ཟླ་དགུ་པའི་ཚེས་༢༠ ཉིན་རྒྱབ་སྐྱོར་གྱིས་གཏན་ལ་ཕབ་ཡོད་པ་རེད།

ཐའེ་ཝན་དུ་སྟོན་པའི་འཁྲུངས་སྐར་སྲུང་བརྩི།

ལོ་རེའི་ཕྱི་ཟླ་ལྔ་པའི་ཟླ་བ་ཉ་གང་བའི་ཉིན་མོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་ཁེལ་གནང་བའི་སངས་རྒྱས་ཀྱི་འཁྲུངས་སྐར་ཡིན་ཞིང་། ལྷོ་བརྒྱུད་ནང་པ་དང་རྒྱ་བརྒྱུད་ནང་པ་སོགས་ཀྱིས་འཁྲུངས་སྐར་རྩི་སྟངས་ཡང་ཕལ་ཆེར་གཅིག་ཏུ་འབབ།

ཆུ་སྒང་དབུ་བརྙེས་པའི་ཉིན་མོ་ནི། བོད་ཀྱི་དཔའ་བོའི་ཉིན་མོ་ཡིན།

སྤྱིར་བཏང་འགྲོ་བ་མིའི་རིགས་ཀྱི་འདུ་ཤེས་འཛིན་སྟངས་དང་། ལམ་དང་ལུགས་སྲོལ་ཕལ་མོ་ཆེ་ཧ་ཅང་མཐུན་ཤས་ཆེ་ལ། དེ་བས་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་སྡུག་གླེང་སྟངས་དང་ངོས་འཛིན་བྱེད་སྟངས་ཧ་ཅང་འདྲ། འོན་ཀྱང་རང་ཕྱོགས་དང་གཞན་ཕྱོགས་ཀྱིས་ངོས་འཛིན་སྟངས་ནི་རྦད་དེ་ལྡོག་ཕྱོགས་ལྟ་བུ་ཡོད།

རྒྱ་གར་ནང་བ་གླང་གི་ཆབ་སྲིད་དང་བོད་མི་ཚོས་གཟབ་ནན་བྱེད་དགོས་པའི་ཉེན་ཁ།

སྐལ་བཟང་དོན་གྲུབ། སྤྱིར་རྒྱལ་སྤྱིའི་ཆབ་སྲིད་ནང་ཆོས་ལུགས་དེ་ཆབ་སྲིད་ཀྱི་དགོས་མཁོ་ལ་བེད་སྤྱད་ནས་རྩོད་རྙོག་ཆེན་པོ་བཟོ་ཡི་ཡོད་པ་མངོན་གསལ་དོད་པོ་ཡིན་ཡང་། གནས་ལུགས་རྒྱུ་མཚན་དང་བསམ་བློ་གུ་ཡངས་གཏོང་མི་ཐུབ་མཁན་གྱི་མང་ཚོགས་ཀྱི་བརྒྱ་ཆ་དེ་མང་དྲགས་རྐྱེན། རང་གི་ཆོས་ལུགས་ལ་སྲུང་སྐྱོབ་དང་དེ་ལ་བརྩི་བཀུར་མི་བྱེད་མཁན་ཚོར་རྒོལ་ལན་སློག་པའི་གནས་ཚུལ་ནི་ཉིན་རེའི་བྱུང་བ་ཞིག་རེད། འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་སུ་གྲགས་པའི་རྒྱ་གར་ནང་དུ་མི་མང་གི་བརྒྱ་ཆ་མང་ཤོས་ནི་ཧིན་རྡུ་ཆོས་ལུགས་ཁོངས་སུ་ཚུད་ཀྱི་ཡོད་པ་དང་། ལོ་ཤས་སྔོན་ནས་ཧིན་རྡུ་ཆོས་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་རིང་ལུགས་པའི་སྟོབས་ཤུགས་རྒྱས་བཞིན་པའི་སེམས་འཚབ་དེ་རྒྱ་གར་ནང་གི་གུ་ཡངས་བསམ་བློ་བ་རྣམས་གཅིག་པུ་མིན་པར། རྒྱལ་སྤྱིའི་སྤྱི་ཚོགས་ནང་ནས་ཀྱང་འགྱུར་འགྲོས་དེར་སེམས་འཚབ་དང་སྐྱོན་བརྗོད། དཔྱད་ཞིབ་སོགས་བྱེད་མཁན་མི་ཉུང་བ་ཞིག་རེད། དེང་གི་ཆར་རྒྱ་གར་གྱི་ཆབ་སྲིད་ཀྱི་སྡིངས་ཆའི་ནང་ཧིན་རྡུ་རྒྱལ་ཞེན་རིང་ལུགས་ཀྱི་སྟོབས་ཤུགས་རྒྱས་བཞིན་པའི་དུས་དང་བསྟུན་ནས། ཧིན་རྡུ་ཆོས་ལུགས་ནང་དུ་རྩ་ཆེན་བརྩི་སྲོལ་ཡོད་པའི་བ་གླང་སྲུང་སྐྱོབ་ཀྱི་ལས་འགུལ་ཚ་ཚ་འུར་འུར་དུ་འགྲོ་བཞིན་པ་རེད། མངའ་སྡེ་ཁག་ཅིག་ནང་བ་གླང་གསོད་མི་ཆོག་པ་དང་ཤ་ཡང་ཟ་མི་ཆོག་པའི་ཁྲིམས་གཏན་འབེབས་ཐོག ཤ་དེའི་རིགས་རྒྱུན་དུ་ཟ་མཁན་དང་འཚོང་མཁན་ཁ་ཆེ་བ་རྣམས་ཀྱི་ཤ་ཁང་དང་ནང་སོགས་སུ་གློ་བུར་དུ་བསྔོགས་བཤེར་བྱེད་མཁན་གྱི་དྭང་བླངས་བ་གླང་སྲུང་སྐྱོབ་ཚོགས་པ་ཡང་མང་པོ་ཐོན་བཞིན་ཡོད་པ་རེད། ཕྱི་ལོ་༢༠༡༥ ལོ་ནས་ད་བར་བ་གླང་གི་གནད་དོན་དང་འབྲེལ་ནས་ཤེས་རྟོག་བྱུང་བར་མི་༦ ལ་མི་མང་གིས་བ་གླང་གི་ཤ་ཟོས་པའམ་བ་གླང་ཚོང་འབྲེལ་བྱེད་པའི་ཉེས་འཛུགས་འོག་རུབ་གསོད་བྱས་ཡོད་པ་རེད། དེ་བཞིན་བརྒྱུད་ལམ་ཁག་ཏུ་མ་ཐོན་པའི་རུབ་རྡུང་དང་རུབ་གསོད་ཀྱི་གནས་ཚུལ་མང་པོ་ཡོད་པ་ངེས་གཏན་རེད། རྒྱ་གར་ནང་གི་ཆབ་སྲིད་པ་མང་པོ་ཞིག་གིས་རང་ཉིད་ཀྱི་དབང་ཆ་སྲ་བརྟན་ཡོང་ཆེད། ལུང་པའི་ནང་མི་མང་མོས་ཡིན་པའི་ཧིན་རྡུ་ཆོས་ལུགས་ཀྱི་སེམས་ཚོར་དེ་བེད་སྤྱད་ནས། བ་གླང་སྲུང་སྐྱོབ་ཀྱི་ཁྲིམས་དང་ལས་འགུལ་སྤེལ་གྱི་ཡོད་པ་རེད། དེ་ལ་སྐྱོན་བརྗོད་བྱེད་མཁན་རྒྱ་གར་ནང་གི་གུ་ཡངས་བསམ་བློ་འཛིན་མཁན་ཤེས་ཡོན་པ་མང་པོ་ཡོད་པ་རེད་དེ། ཁོང་རྣམས་ཀྱང་ཆབ་སྲིད་ཀྱི་རྩེད་མོའི་གནོད་འཚེ་ཕོག་ཡུལ་དུ་འགྱུར་བའི་ཉེན་ཁ་ཡོད་པ་སྨོས་མེད་རེད། བ་གླང་གི་ཆབ་སྲིད་ལ་བརྟེན་ནས་རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་ནང་ཧིན་རྡུ་དང་ཁ་ཆེ་ཆོས་ལུགས་རྗེས་འབྲང་བའི་བར་ཞི་བདེ་ལྷིང་འཇགས་དང་མཛའ་མཐུན་མེད་པ་ཆགས་ཀྱི་ཡོད་པ་རེད་ལ། མ་འོངས་པར་ཕྱོགས་གཉིས་ཀྱི་བར་ལ་དྲག་པོའི་འཐབ་རྩོད་འབྱུང་སྲིད་པའང་རེད། དེ་ན་ངས་བོད་མི་ཚོ་ལ་རྒྱ་གར་ནང་གི་བ་གླང་གི་ཆབ་སྲིད་ལ་གཟབ་ནན་དགོས་པའི་སྐུལ་མ་བྱེད་དོན་ནི། བཙན་བྱོལ་བོད་མིའི་མི་འབོར་ཕལ་ཆེ་བ་རྒྱ་གར་དུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། གནས་ཡུལ་གྱི་མངའ་སྡེ་མང་པོ་ཞིག་ནང་ཧིན་རྡུ་ཡི་མི་འབོར་ཆེན་པོ་རེད། དེ་བཞིན་བཙན་བྱོལ་བོད་མིའི་ལྟེ་གནས་ཧི་མ་ཅཱལ་མངའ་སྡེ་ལྟ་བུར་མཚོན་ན་བརྒྱ་ཆ་༩༠ ལས་མང་བ་ཧིན་རྡུ་ཡིན་པ་དང་། བ་གླང་གི་ཤ་ཟ་ཆོག་གི་མེད་པ་རེད་དེ། བོད་མི་རྣམས་ཤ་ལ་དགའ་པོ་ཡོད་པས་བ་གླང་གི་ཤ་སྤྱོད་མཁན་ཡང་མང་པོ་ཡོད་སྲིད་པ་རེད། གལ་ཏེ་རང་ཉིད་གནས་ཡུལ་གྱི་མངའ་སྡེའི་ནང་བ་གླང་གི་ཆབ་སྲིད་ཀྱི་ཚ་རླབས་ཁྱབ་མེད་ཚེ། གནོད་སྐྱོན་དེ་ཙམ་མེད་པ་རེད་དེ། ཧི་མ་ཅཱལ་ལྟ་བུ་མངའ་སྡེའི་ནང་གནས་མཁན་བོད་མི་ཚོས་ངེས་པར་དུ་གཟབ་ནན་དགོས་གལ་ཆེ་བར་མཐོང་། དེ་བཞིན་རྒྱ་ནག་གི་གསང་མྱུལ་ལམ་རྒྱ་གར་གྱི་ཆབ་སྲིད་པའི་གསང་བའི་ལས་མི་སོགས་ཀྱིས། རྒྱ་གར་ཡུལ་མི་དང་བོད་མི་བར་རྩོད་རྙོག་སློང་ཆེད། བ་གླང་གི་ཤ་དེ་བེད་སྤྱོད་བྱེད་སྲིད་པས། བོད་མི་ཚོས་ངེས་པར་དུ་དེ་རིགས་ལ་གཟབ་ནན་དགོས། གལ་ཏེ་བོད་མི་ཞིག་གིས་བ་གླང་གི་ཤ་ཟོས་ནས་ཧིན་རྡུ་ཆོས་ལུགས་ལྟ་བ་མཁྲེགས་འཛིན་གྱི་ཚོགས་མིས་རུབ་གསོད་བྱས་པའི་གནས་ཚུལ་བྱུང་ཚེ། བོད་མི་སྒེར་དེའི་རྩ་ཆེའི་ཚེ་སྲོག་ཤོར་བ་ཕངས་པོ་ཡིན་པའི་ཐོག གནས་ཚུལ་དེས་བོད་མི་རྣམས་ལ་རྒྱ་གར་གྱི་ཡུལ་མིའི་འཁོན་འཛིན་བཅངས་ནས་དེ་སྔོན་དགུ་བཅུ་གོ་གྲངས་ནང་དྷ་ས་དང་མ་ན་ལི་སོགས་ཀྱི་གནས་ཚུལ་དེ་རིགས་འབྱུང་སྲིད་པ་རེད། གལ་ཏེ་གནས་ཚུལ་དེ་རིགས་ལྷག་ཚེ། ཆོས་ལུགས་དང་འབྲེལ་བ་ཡོད་པས་བོད་མིའི་དཔལ་འབྱོར་གྱི་གཞི་རྟེན་ཚོང་ཁང་དང་སྡོད་གནས་ཁང་། སྒྲིག་འཛུགས་ཀྱི་ལས་ཁང་ལ་གཏོར་སྐྱོན་ཆེན་པོ་ཡོང་རྒྱུ་ཨ་ཅང་ཅང་། བོད་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བའི་གནས་ཚུལ་ལྷག་སྲིད་པ་རེད། གཅིག་བྱས་ནས་ངས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་བྱེད་པ་ཡིན་སྲིད་ཀྱང་། ད་ལྟའི་རྒྱ་གར་ནང་གི་ཆབ་སྲིད་ཀྱི་འགྲོས་དང་ཉིན་རེའི་བརྒྱུད་ལམ་ཁག་གི་གནས་ཚུལ་ལ་དཔྱད་ན། བ་གླང་གི་ཆབ་སྲིད་ཀྱི་ཉེན་ཁ་དེ་བོད་མིའི་སྤྱི་ཚོགས་ལ་དཀའ་ངལ་སྤྲད་སྲིད་པ་རེད་འདུག བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ནས་གནད་དོན་དེར་གྲོས་བསྡུར་ལྷུག་པོ་གནང་ནས། ས་གནས་ཁག་གི་ས་གནས་འགོ་འཛིན་དང་མི་མང་ལ་བཀའ་སློབ་ལམ་སྟོན་གནང་རྒྱུ་དེ་ཛ་དྲག་གི་དོན་ཆེན་ཞིག་ཏུ་མཐོང་། དེ་བཞིན་བདེ་སྲུང་ལས་ཁང་ནས་ཀྱང་བ་གླང་གི་ཆབ་སྲིད་དེ་ལ་བརྟེན་ནས་ཀུན་སློང་འདྲ་མིན་ཐོག རྒྱ་གར་ཡུལ་མི་དང་བོད་མི་བར་རྩོད་རྙོག་བཟོ་ཐབས་བྱེད་མཁན་ཡོད་མེད་ལ་བྱ་ར་བྱེད་དགོས་པ་གལ་ཆེར་སེམས་པ་དང་མཚུངས། བོད་མི་རྣམས་ཀྱིས་ཀྱང་གཟབ་ནན་བྱེད་པའི་སྐུལ་མ་བྱེད་ཀྱི་ཡོད།།

འོས་བསྡུའི་སྒྲིག་གཞི་ཚད་ལྡན་ཡོང་བའི་བསམ་ཤོག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོ་དང་ཁྲིམས་ཀྱིས་དབང་བསྒྱུར་དེ་གལ་ཆེན་ཡིན་པའི་ངོ་སྤྲོད་གནང་ཡོད་ན་ཡང་། ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་སྲིད་སྐྱོང་དང་བོད་མི་མང་གི་སྐུ་ཚབ་སྤྱི་

རྒྱ་ནག་གི་ཁུར་པོ་གང་ཡིན་ནམ།

ད་ལྟའི་ཆར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་ཟེར་བ་དང་། རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་ཟེར་བ་འཚོགས་བཞིན་ཡོད་འདུག་ལ།

རྫུན་ཞིག་ཐེངས་བརྒྱ་ལ་བཤད་ན་འདི་འདྲ་རེད།

བཤད་སྲོལ་ལ་མའོ་ཙེ་ཏུང་གིས་གཤོབ་ཅིག་ཐེངས་མ་བརྒྱ་ལ་བཤད་ན་བདེན་པར་འགྱུར་བ་རེད་ཟེར། དེའི་ནང་དོན་ནི་འདི་ལྟ་བུ་ཞིག་ཡིན། དཔེར་ན་བོད་ལ་མཚོན་ན་རྒྱལ་རབས་དང་ལོ་རྒྱུས། མི་རིགས་ཀྱི་བྱུང་རབས་དང་རིག་གནས།

བསམ་ཚུལ་མི་མཐུན་ཡང་ཁ་གྲག་ཆོག

མང་གཙོའི་སྤྱི་ཚོགས་སུ་བསམ་ཚུལ་མི་མཐུན་ཡང་ཁ་གྲག་ཆོག་དགོས་ལ། བསམ་ཚུལ་མི་མཐུན་པ་དག་གིས་ཁ་མང་ཙམ་གྲག་དགོས་པ་ནི་དེ་བས་ཀྱང་གལ་ཆེ་ཤོས་ཡིན། སྤྱི་ཚོགས་གང་ཞིག་ཏུ་རང་ཉིད་དང་བསམ་ཚུལ་མི་མཐུན་པ་ཞིག་གིས་ཁ་གྲག་ཡོང་བའི་སྐབས་སུ་དེ་ལ་འབུར་འཇོམས་ཁོ་ན་བྱེད་ཐབས་བྱེད་པ་ནི།