ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་འཚོགས།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་གཞུང་སྒེར་གྱི་ལས་བྱེད་རྣམས་དང་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་མཉམ་ཞུགས་ཐོག་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས།བོད་ནང་དུ་བོད་མིས་རྒྱ་གཞུང་ལ་ཞི་རྒོལ་རྒྱ་ཆེན་བྱས་པའི་རྗེས་ཏེ། ཕྱི་ལོ་༡༩༨༩ ཟླ་༣ ཚེས་ ༠༨ ཉིན་མོར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཚད་ལས་འདས་པའི་དྲག་པོའི་ཁྲིམས་གཞི་བསྡམས་པ་ནས་བཟུང་། ད་བར་བོད་མི་རྒྱལ་གཅེས་པ་སེར་སྐྱ་ཕོ་མོ་དང་ལོ་ན་རྒན་གཞོན་སོགས་དབྱེ་བ་མེད་པར་བོད་མི་མང་པོ་ཞིག་རྒྱ་གཞུང་གི་མནར་གཅོད་དང་གཉའ་གནོན་གྱིས་དུས་མིན་རྐྱེན་འདས་སུ་སོང་བ་དང་། དེ་བཞིན་ཉེས་མེད་ཀྱི་བོད་མི་ཁྲི་ཚོ་མང་པོ་བཙོན་དུ་བཅུག་པས་མཚོན་བཟོད་མི་ཐུབ་པའི་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་པར་བརྟེན། རྒྱལ་གཅེས་པ་ཁོང་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། ཤུལ་ལུས་ནང་མི་སྤུན་ཉེ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ལྟར་དུས་འདིར་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་ཞེས་པ་འཚོགས་སྲོལ་ཡོད་པ་དང་། གཞན་ཡང་ཉེ་ཆར་ཁམས་སྡེ་དགེའི་ཕྱོགས་སུ་རྒྱ་གཞུང་གིས་བོད་མི་གནས་སྤོས་ཀྱི་བཙན་བཀའ་ལ་བརྟེན་ནས་ས་གནས་ཀྱི་མི་མང་ཚོར་དཀའ་སྡུག་མང་པོ་མྱོང་བཞིན་ཡོད་པ་སོགས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་དུ། དེ་རིང་ཚེས་༨ ཀྱི་ཉིན་མོར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་གཙོ་རྣམས་ཀྱི་དྲུང་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་།  ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་སྡོད་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ། ཚོགས་སྡེ་སྒྲིག་འཛུགས་ཁག་གི་ལས་བྱེད། དེ་བཞིན་སེར་སྐྱ་མི་མང་བརྒྱ་ཕྲག་ལྷག་མཉམ་ཞུགས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད། མཚམས་དེར་བོད་མིའི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་དེ་རིང་ཉིན་མོ་དང་འབྲེལ་ཏེ་གསུང་བཤད་དང་གསར་འགོད་པར་དྲི་ལན་གནང་དོན། གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་འདི་ཕྱི་ལོ་ ༡༩༨༧།༡༩༨༨།༡༩༨༩ ལོར་བོད་ནང་མི་མང་གིས་ཞི་བའི་ལས་འགུལ་སྤེལ་ཏེ་སྐབས་དེ་དུས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཧུའུ་ཅིན་ཐའོ་ཡིས་དྲག་པོའི་ཁྲིམས་བསྡམ་རྒྱུའི་དུས་ཚོད་ཁེལ་ཡོད། དེར་བརྟེན་བོད་བསྟན་སྲིད་ཀྱི་དོན་དུ་བོད་མིའི་ཚང་མས་འབད་འབུངས་བྱས་ནས་སྐུ་ལས་བསྐྱོན་པ་དང་། སྲོག་བློས་བཏང་བ། བཙོན་ཁང་དུ་ཡུན་རིང་མནར་དགོས་པ་སོགས་དེ་འདྲའི་དཀའ་ངལ་མང་དག་ཅིག་མྱོང་གི་ཡོད་ཀྱང་ད་དུང་ཡིན་ནའང་བོད་སྤྱི་པའི་རྩ་དོན་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་འཚེ་བ་མེད་པའི་ཐོག་ནས་ལས་འགུལ་རབ་དང་རིམ་པ་སྤེལ་ཏེ་འགྲོ་བཞིན་ཡོད་པ་འདིའི་དྲན་རྟེན་ཆེད། གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་ཀྱི་ཡོད་པ་རེད་ཅེས་དང་། དེ་བཞིན་ད་ལྟའི་འཆར་ཁམས་སྡེ་དགེ་ཁུལ་དུ་མི་མང་ནས་འཚེ་བ་མེད་པའི་ཐོག་ནས་འབོད་སྐུལ་ཞུ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་མི་མང་གི་མངོན་འདོད་ལ་བསམ་ཤེས་མེད་པའི་ཐོག་ནས་འཛིན་བཟུང་དང་བཙོན་འཇུག་གིས་ཁམས་སྡེ་དགེ་ཁུལ་དང་འཇོ་མདའ་རྫོང་ཁུལ་དུ་མི་མང་པོ་ཞིག་སྡུག་བསྔལ་གྱིས་མནར་བཞིན་ཡོད་སྟབས། དེ་དག་ལའང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་མཆོད་འབུལ་སྨོན་ལམ་འཚོགས་ཀྱི་ཡོད་སྐོར་སོགས་གསུངས་སོང་། གནས་ཚུལ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་སོགས་ལས་བཏུས། གསར་འགོད་པ། བསྟན་འཛིན་ལམ་བཟང་།

ཨ་རི་དང་རྒྱ་ནག་བར་འགལ་ཟླ་བྱུང་ན་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཐོན་རྒྱུ་རེད་ཟེར།

ཟླ་འདིའི་ཚེས་༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཨ་རིས་རྒྱ་ནག་ལ་དྲག་གནོན་བྱེད་པའི་ཐབས་བྱུས་ལ་སྐྱོན་བརྗོད་དང་། ཨ་རི་དང་རྒྱ་ནག་བར་འགལ་ཟླ་བྱུང་ན་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཐོན་རྒྱུ་རེད་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག ཟླ་འདིའི་ཚེས་༧ ཉིན་རྒྱ་ནག་ནང་ཚོགས་འདུ་གཉིས་རིང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཡིས་ཐེ་ཝན་གྱི་གནད་དོན་དང་ཡུག་རེན་གྱི་དམག་འཁྲུག ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བ་སོགས་ཀྱི་ཐོག་དྲི་བ་ཉི་ཤུ་ལྷག་ལ་ལན་བཏབ་ཡོད་འདུག སྐབས་དེར་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བའི་ཐོག་ལ་ཁོས་གལ་སྲིད་ཨ་རི་དང་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་དབར་གདོང་ཐུག་གམ་འཐབ་འཛིང་བྱུང་བ་ཡིན་ན། དེའི་མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡོང་གི་རེད་ཅེས་དང་། ན་ནིང་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་བྱས་ནས་བཟུང་ཕྱོགས་གཉིས་ཀྱི་འབྲེལ་བ་ཡག་ཏུ་ཕྱིན་ཡོད་ན་ཡང་། ཨ་རིས་རྒྱ་ནག་ལ་གོ་ནོར་ཐེབས་པ་དེ་སྔར་བཞིན་གནས་ཡོད་པ་མ་ཟད་དེའི་ཁས་ལེན་ཡང་མངོན་འགྱུར་བྱུང་མེད་ཅེས་དང་། ཁོས་མུ་མཐུད་ནས་ཨ་རིས་ཐོག་མཐའ་བར་གསུམ་དུ་ཐབས་བྱུས་སྣ་ཚོགས་འཆར་འགོད་ཀྱིས་རྒྱ་ནག་ལ་དྲག་གནོན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག གཞན་ཡང་ཚོར་བ་ཧ་ཅང་རྣོ་བའི་ཐའེ་ཝན་གྱི་གནད་དོན་ཐོག་ཁོས། རྒྱ་ནག་གིས་ཞི་བས་གཅིག་འགྱུར་ཡོང་བར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་རྒྱ་ནག་གི་འབོད་ཚིག་བསྐྱར་ཟློས་བྱས་ནས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བ་ཚོས་མེ་ལ་རྩེད་མོ་བརྩེས་ན་མེ་ཡིས་འཚིག་གི་རེད་ཅེས་བརྗོད་འདུག ཁོས་ད་དུང་རྒྱ་ནག་དང་ཨུ་རུ་སུའི་བར་གྱི་འབྲེལ་བ་དེ་ཆུ་ཚད་མཐོན་པོའི་ཐོག་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་མདུན་ཕྱོགས་སུ་གོ་སྐབས་གསར་པ་ཡང་ཡོད་སོགས་བརྗོད་ཡོད་ཀྱང་། གནས་ཚུལ་དབྱེ་ཞིབ་པ་ཚོས་རེ་སྒུག་ཆེན་པོ་བྱེད་བཞིན་པ་སྟེ། གར་སོང་ཆ་མེད་དུ་གྱུར་བའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པའི་གནད་དོན་ཐོག་ཁོས་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད། ཕྱི་སྲིད་བློན་ཆེན་གྱིས་གནད་དོན་ཉི་ཤུ་ལྷག་གི་ཐོག་ཏུ་ལན་བཏབ་ཀྱང་། དེའི་ནང་དུ་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱ་གར་དང་ཉི་ཧོང་དང་འབྲེལ་བའི་གནད་དོན་གཅིག་ཀྱང་མེད་པ་རེད་འདུག། གསར་འགོད་པ། བློ་བཟང་རྒྱ་མཚོ།

བལ་ཡུལ་ནང་དམར་ཤོག་ཚོགས་པ་གཉིས་ཀྱིས་གཞུང་གསར་འཛུགས་དང་རྒྱ་ནག་གི་ཤུགས་རྐྱེན།

བོད་དང་རྒྱ་གར་གཉིས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནང་རྒྱ་ནག་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་འདུག་ལ། དེ་སྔོན་དམར་ཤོག་ཚོགས་པ་གཉིས་བར་མ་འཆམ་པའི་རྐྱེན་གྱིས་ཁ་ཁར་ཕྱིན་ཡོད་འདུག་ཀྱང་། ཕྱི་ཚེས་༤ ཉིན་བསྐྱར་དུ་དམར་ཤོག་ཚོགས་པ་གཉིས་འཆམ་ནས་ད་ཆར་མཉམ་འབྲེལ་གྱིས་བལ་ཡུལ་ནང་གཞུང་གསར་པ་ཞིག་བཙུགས་ཡོད་འདུག ཕྱི་ཚེས་༦ ཉིན་རྒྱ་གར་གྱི་(Swarajya)སོ་ཝ་ར་ཇི་ཡ་ཟེར་བའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་སྔོན་བལ་ཡུལ་མའོ་ཚོགས་པ་དང་བལ་ཡུལ་ཀང་རེ་སི་(Congress)ཚོགས་པ་གཉིས་མཉམ་འབྲེལ་གྱིས་ཟླ་བ་༡༥ རིང་གཞུང་བཟུང་ཡོད་ཀྱང་། ལོ་སྔོན་མར་ཚོགས་པ་དེ་གཉིས་བར་མ་འཆམ་ནས་གཞུང་འཐོར་ཡོད་འདུག་ལ། དེ་རྗེས་ཕྱི་ཚེས་༤   ཉིན་བལ་ཡུལ་གྱི་དམར་ཤོག་ཚོགས་པ་(The Communist party of Nepal Unified Marxist_Leeinist)དང་མའོ་ཚོགས་པ་ (Comunist party Of Nepal-Moaist)ཟེར་བ་གཉིས་མཉམ་འབྲེལ་ཐོག་ནས་གཞུང་གསར་པ་ཞིག་བཙུགས་ཡོད་འདུག ཐེངས་འདིར་དམར་ཤོག་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་གཞུང་གསར་པ་བཙུགས་ཐུབ་པ་དེ་རྒྱ་ནག་གིས་བལ་ཡུལ་ནང་ཤུགས་རྐྱེན་སླེབ་རྒྱུ་སྔར་ལས་ལས་སླ་རུ་འགྲོ་རྒྱུ་ཡིན་འདུག་པ་དང་། ཐེངས་འདིར་དམར་ཤོག་ཚོགས་པ་གཉིས་མཉམ་འབྲེལ་གྱིས་གཞུང་འཛུགས་ཆེད་རྒྱ་ནག་གཞུང་གིས་རྒྱབ་ནས་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག ཐེངས་འདིར་དམར་ཤོག་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་གཞུང་གསར་པ་བཙུགས་པ་དེ་ནི་རྒྱ་གར་ལ་མཚོན་ན་ཕམ་ཁ་ཞིག་ཡིན་འདུག རྒྱུ་མཚན་ནི་དམར་ཚོགས་པ་གཉིས་ཀ་རྒྱ་གར་དང་ཨ་རི་ལ་ཁ་གཏད་གཅོག་མཁན་ཞིག་དང་རྒྱ་ནག་ལ་དགའ་མོས་བྱེད་མཁན་ཞིག་ཡིན་འདུག ཕྱི་ལོ་༢༠༢༢ ཟླ་བ་༡༠ ནང་བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པ་དང་(Congress)ཚོགས་པ་གཉིས་མཉམ་འབྲེལ་ཐོག་ནས་གཞུང་གསར་པ་བཙུགས་ཡོད་ཀྱང་། ཟླ་བ་༡༥ ཡི་རྗེས་སུ་སྲིད་བློན་གཞོན་པ་དང་དེ་བཞིན་གྲོས་ཚོགས་གོང་མའི་ཚོགས་གཙོ་བཅས་བསྐོ་ཕྱོགས་ཐད་ཚོགས་པ་གཉིས་མ་འཆམ་པ་ཆགས་ཡོད་འདུག རྒྱུ་མཚན་ནི་མའོ་དམར་ཤོག་ཚོགས་པ་ལ་དམར་ཤོག་ཚོགས་པའི་མི་བསྐོ་འདོད་ཡོད་ཀྱང་། བལ་ཡུལ་ཀང་རེ་སི་ཚོགས་པས་རང་ཉིད་ཀྱི་ཚོགས་མི་བསྐོས་ནས་ཕྱིར་བསྒྲགས་པར་བརྟེན། ཚོགས་པ་གཉིས་འཆམ་མེད་པ་ཡིན་འདུག བལ་ཡུལ་གྱི་སྲིད་བློན་པུ་ཤི་པ་ཀ་མལ་དྷ་ཧལ་(Pushpa Kamal Dahal)ནི་སྲིད་བློན་ཙམ་མ་ཟད། བལ་ཡུལ་མའོ་དམར་ཤོག་ཚོགས་པའི་ཚོགས་གཙོ་ཡང་ཡིན་འདུག ཁོང་གིས་ད་ལྟ་བལ་ཡུལ་གྱི་ཀང་རི་སི་སྲིད་དོན་ཚོགས་པ་དང་ཁ་ཁ་བྱེད་དགོས་དོན་ནི་རྒྱ་ནག་གཞུང་གིས་གནོད་ཤུགས་ཆེན་པོ་སྤྲད་ནས། བལ་ཡུལ་གྱི་(Marxist_Leeinist)མར་ཁེ་སི་དང་ལེ་ཉིན་དམར་ཤོག་ཚོགས་པ་དང་ལྷན་དུ་མཉམ་འབྲེལ་ཐོག་ནས་གཞུང་གསར་པ་འཛུགས་དགོས་པའི་སྐུལ་མ་ཤུགས་ཆེན་བཏང་ཡོད་པ་ཁོང་གིས་བརྗོད་ཡོད་འདུག སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད་དོན་ལ། རྒྱ་ནག་གཞུང་གིས་བལ་ཡུལ་ནང་དམར་ཤོག་ཚོགས་པ་གཉིས་འཛུགས་འདོད་ཡོད་པ་བཞིན། ད་ཆར་བལ་ཡུལ་ནང་དམར་ཤོག་ཚོགས་པ་ཁག་གཉིས་ཡོད་འདུག་པ་དང་། དམར་ཤོག་ཚོགས་པ་དེ་གཉིས་ཀྱི་ཐོག་ནས་བལ་ཡུལ་གྱི་ཆབ་སྲིད་ནང་འཐབ་རྩོད་བྱེད་རྒྱུ་ནི་རྒྱ་ནག་གཞུང་གི་མངོན་འདོད་ཡིན་འདུག ནུས་པ་ལྡན་པའི་བལ་ཡུལ་གྱི་དམར་ཤོག་ཚོགས་པ་གཉིས་ཡོད་ཚེ་རྒྱ་ནག་གཞུང་གི་མངོན་འདོད་ཇི་བཞིན་བལ་ཡུལ་གྱི་ཆབ་སྲིད་ནང་ཐེ་གཏོགས་བྱེད་ཐུབ་པ་དང་། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱི་བདེ་འཇགས་ལ་རྒྱ་ནག་གིས་གནོད་ཤུགས་སྤྲོད་ཐུབ་རྒྱུ་དང་། བལ་ཡུལ་དེ་པ་ཀི་སི་ཐན་ལྟ་བུ་རྒྱ་ནག་གི་ཕྱོགས་སུ་ཡོང་རྒྱུར་དམིགས་བཞིན་ཡོད་འདུག འོན་ཀྱང་། ད་ཆར་བལ་ཡུལ་གྱི་ཆབ་སྲིད་ཁྲོད་རྒྱ་ནག་དང་རྒྱ་གར་གྱི་གནོན་ཤུགས་དང་། ནང་ཁུལ་གྱི་དབང་ཆ་འཐབ་རྩོད་སོགས་ཀྱིས་བལ་ཡུལ་གྱི་ཆབ་སྲིད་བརྟན་པོ་ཞིག་ཡོང་ཐུབ་རྒྱུ་ཁག་པོ་འགྱུར་བཞིན་ཡོད་འདུག  གསར་འགོད་པ། བསོད་ནམས་ཕུན་ཚོགས།

ཀ་སྦུག་ཏུ་ས་པཎ་མཐོ་སློབ་དབུ་འབྱེད་ཀྱི་མཛད་སྒོ་དང་ལྡི་ལིར་སྐུ་གདུང་མཆོད་རྟེན་རབ་གནས།

ཕྱི་༣ པའི་ཚེས་༦ ཉིན་ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་སྐུ་འཁྲུངས་པའི་དུས་ཆེན་དང་སྟབས་བསྟུན། ས་སྐྱའི་ཁྲི་འཛིན་ཞེ་གཉིས་པས་ཀ་སྦུག་ཏུ་བཞེངས་པའི་ས་པཎ་མཐོ་སློབ་རབ་གནས་དང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་འདུག་པ་དང་། སྐབས་དེར་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག ༧གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་དང་། ༧སྐྱབས་མཆོག་འཁོན་གདུང་རིན་པོ་ཆེ། རྗེ་བཙུན་མ་སྐུ་བགྲེས་གཞོན་རྣམ་གཉིས། རྒྱལ་ཡུམ་ཆེན་མོ། བདག་མོ་སྐུ་བགྲེས། ཀ་སྦུག་དཔལ་ས་སྐྱའི་ཆོས་གྲྭ་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་གི་བླ་སྤྲུལ་འདུས་མང་གིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་གཙོས་པའི་སེར་སྐྱ་མང་ཚོགས་དུ་མ་ཞིག་མཇལ་བཅར་དུ་ཡོང་ཡོད་འདུག་ལ། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་མཆོག་གིས་མཛད་སྒོ་དང་འབྲེལ་བའི་བླང་དོར་ལམ་སྟོན་བཀའ་སློབ་དང་ས་འཇམ་སྦགས་སྒྲུབ་ཀྱི་བྱིན་རླབས་ཟབ་རྒྱས་བཀའ་དྲིན་ཆེས་ཆེར་བསྩལ་གནང་མཛད་དེ། བཤད་གྲྭའི་མཁན་པོ་རྣམ་པ་གསུམ་ལ་མཁན་པོའི་མཚན་གནས་ཕྱག་འཁྱེར་གནང་ཞིང་། བསྟན་པའི་སྦྱིན་བདག་རྣམས་ལ་ལེགས་སྐྱེས་ཕྱག་རྟགས་གསོལ་རས་བསྩལ་གནང་མཛད་འདུག དེ་བཞིན་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་གིས་ཀ་སྦུག་དཔལ་ས་སྐྱའི་ཆོས་གྲྭ་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དང་། ས་པཎ་མཐོ་སློབ་བཅས་གསར་བཞེངས་མཛད་དགོས་པའི་དམིགས་ཡུལ་དང་བྱུང་རིམ་སོགས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གནང་ཡོད་འདུག ས་པཎ་མཐོ་སློབ་ཏུ་གྲྭ་ཤག་བརྒྱ་ལྷག་ཙམ་དང་གྲྭ་པ་ཉིས་བརྒྱ་ཙམ་གྱི་བཞུགས་གནས་ཡོད་འདུག དེའི་སྔོན་ཏེ་ཟླ་སྔོན་མའི་ཕྱི་ཚེས་༢༩ ནས་༧གོང་མ་ཁྲི་ཆེན་མཆོག་སྐུ་འཁོར་དང་བཅས་པ་ཀ་སྦུག་དཔལ་ས་སྐྱའི་ཆོས་གྲྭ་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དུ་ཞབས་སོར་འཁོད་དེ་ཀུན་མཁྱེན་གྱི་གསུང་འབུམ་སྡོམ་གསུམ་ཁ་སྐོང་གསུངས་གནང་བ་དང་། ས་པཎ་གཞི་རིམ་དང་ས་པཎ་མཐོ་སློབ་ཐུན་མོང་ལ་བཀའ་སློབ་གནང་བ་དང་ཡིག་རྒྱུགས་ལ་བྱ་དགའ་བསྩལ་བ་སོགས་མཛད་འདུགགཞན་ཡང་ཁྲི་འཛིན་ཞེ་གསུམ་པ་དང་ཞེ་གཉིས་པ་རྣམ་གཉིས་ནས་འདུས་མང་ཡོངས་ལ་ཉིན་འགར་དབང་ལུང་བསྩལ་གནང་འདུག དེ་བཞིན་དུས་བཟང་དེའི་ཉིན་མོར་ལྡི་ལིར་ཡོད་པའི་དཔལ་ས་སྐྱའི་དགོན་པར་བདེ་བར་གཤེགས་པ་སྐྱབས་མགོན་༸གོང་མ་འཇིགས་བྲལ་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་གདུང་མཆོད་རྟེན་རིན་པོ་ཆེན་མོར། དོན་གཉིས་ལྷུན་གྲུབ་ཞེས་པའི་རབ་གནས་ཀྱི་ཆོ་ག་ལ་བརྟེན་ནས་རབ་གནས་མཛད་པའི་མཛད་སྒོ་ཞིག་འཚོགས་འདུག་ལ། སྐབས་དེར་ ༸དཔལ་ས་སྐྱ༸གོང་མ་ཁྲི་འཛིན་ཞེ་གསུམ་པ་དབུ་ཞུགས་ཐོག ༸སྐྱབས་མཆོག་འཁོན་གདུང་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེ་དང་། ༸སྐྱབས་མཆོག་འཁོན་གདུང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ།   ༸སྐྱབས་མཆོག་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་རྣམས་ཀྱིས་གཙོས་པའི་འཁོན་གདུང་རྣམ་པ་དང་རྗེ་བཙུན་མ། བདག་ཡུམ་སྐུ་བགྲེས་འཇམ་དབྱངས་དཔལ་མོ་ལགས་ཀྱི་དབུས་པའི་བདག་མོ་རྣམ་པ། དེ་བཞིན་དཔལ་ས་སྐྱའི་གདན་ས་ཁག་དང་། བཤད་གྲྭ་ཁག་ནས་མཁན་སློབ་འདུས་མང་བཅས་ཕེབས་ཡོད་འདུག གསར་འགོད་པ། བསྟན་འཛིན་ལམ་བཟང་།

རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་༥༥ ཐོག་བོད་དོན་གླེང་སློང་བྱས་འདུག

ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་ཚོགས་ཀྱིས་རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་འདུག་ཅེས་བརྗོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༥ པ་དེ་སུད་སིའི་གྲོང་ཁྱེར་ཇི་ནེ་ཝ་ལ་འཚོགས་བཞིན་ཡོད་པ་དང་། ཟླ་འདིའི་ཚེས་༤ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་(Volker Turk)་གྱིས་ཚོགས་ཐོག་ཏུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱིའི་སྐོར་སྙན་སེང་ཞུ་བའི་སྐབས། ཁོང་གིས་རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཉེས་མིང་ཁ་གསལ་མེད་པའི་ཐོག་འཛིན་བཟུང་བྱས་པའི་ཁེ་དབང་སྲུང་སྐྱོབ་པ་དག་བཙོན་གྲོལ་གཏོང་དགོས་ཞེས་དང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་གཞན་དག་གིས་བཅའ་ཁྲིམས་དང་སྲིད་བྱུས་སོགས་དང་འབྲེལ་བའི་གྲོས་འགོ་བཏོན་པ་དག་རྒྱ་གཞུང་གིས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲྭ་ངོས་སུ་བལྟས་ན། ད་ལྟའི་ཆར་ཨུ་རུ་སུ་དང་ཡུག་རེན་གྱི་གནད་དོན་དང་། ཧ་མ་སིའི་དམག་འཁྲུག་དང་སི་རི་ཡའི་ནང་གི་ཟིང་འཁྲུག་སོགས་འཛམ་གླིང་ཁྱོན་ཡོངས་ལ་རྩོད་རྙོག་༥༥ ཐོན་བཞིན་ཡོད་པར་བརྟེན། ད་ལྟའི་ཆར་ཡུལ་གྱར་དུ་སོང་བ་དང་མི་ཆོས་རིང་ལུགས་ཀྱི་ཉམས་ཉེས་ནི་སྔར་བྱུང་མ་མྱོང་བའི་གཞི་ཁྱོན་ཞིག་ཏུ་སླེབས་ཡོད་པ་དང་། རྩོད་རྙོག་དེ་དག་གིས་ས་ཁུལ་སོ་སོ་དང་འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་འདུག སྤྱིར་ལོ་འདིའི་ཟླ་༡ ་ཚེས་༢༣ ཉིན་སུད་སིའི་གྲོང་ཁྱེར་ཇི་ནེ་ཝ་ལ་རྒྱལ་ཁབ་༡༦༡ ་གི་སྐུ་ཚབ་མཉམ་ཞུགས་ཐོག རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་བཞི་པ་དེ་གནང་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་༢༠ ཡིས་བོད་དོན་གླེང་སློང་བྱས་ཡོད་འདུག། གསར་འགོད་པ། བློ་བཟང་རྒྱ་མཚོ།

ངོ་རྒོལ་དང་བོད་པའི་ལས་དབང་།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༨༧) རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་། བོད་ཕྱི་ནང་གཉིས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་རླབས་རྒྱུན་འཇགས་མ་མྱོང་ལ། རྒྱ་དམར་གཞུང་གིས་བོད་ནང་དུ་གདུག་རྩུབ་དང་མནར་གཅོད་ཀྱང་གཏན་ནས་མཚམས་འཇོག་མྱོང་མེད། རྒྱ་གཞུང་གི་བྱེད་སྟངས་དང་བོད་པའི་ངོ་རྒོལ་གཉིས་ཀྱང་ལྟོས་གྲུབ་ཀྱི་འབྲེལ་བ་འབའ་ཞིག་ཏུ་གྱུར་ཡོད་པས། དབྱངས་རྟ་དང་བསྟུན་ནས་རྡོག་བྲོ་རང་བཞིན་གྱིས་འཁྲབ་པ་དང་གཅིག་མཚུངས་ཡིན། རྒྱ་དམར་གཞུང་གིས་བོད་མི་རྣམས་ལ་རང་དབང་གི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཆོག་པ་དང་། བོད་ཀྱི་ཆོས་དང་རིག་གནས་སྲུང་སྐྱོབ་ལ་རོགས་རམ་ཡག་པོ་བྱས་ཡོད་ན་ད་ལྟའི་འགལ་བ་འདི་ལས་ཉུང་དུའང་སོང་ཡོད་སྲིད། རྩ་བས་རྒྱལ་ཁབ་ཀྱི་བདག་དབང་རྩོད་པའི་ལས་འགུལ་ནི་ཕུགས་རྒྱང་རིང་པོ་དང་། མི་རབས་མི་རྒྱུད་དང་འབྲེལ་བ་ཡོད་པས་གནས་སྐབས་ཀྱི་ཁེ་ཕན་ལ་བརྟེན་ནས་ཡོངས་སུ་ཐག་གཅོད་ཐུབ་པ་ཞིག་གཏན་ནས་མིན། བོད་པས་དེ་མཚུངས་བཞིན་ངང་རྒྱུད་རིང་པོ་དང་འཆར་གཞི་བརྟན་པོའི་ཐོག་ནས་འཐབ་རྩོད་རྒྱུན་འཁྱོངས་བྱེད་དགོས། ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ རང་དབང་སྒེར་ལངས་ཀྱི་ཉིན་མོ་ནི་བོད་མི་ཞིག་ཡིན་ཕྱིན་ཆད་ནས་དུས་ནམ་ཡང་དྲན་པ་བརྗེད་མི་རུང་ཞིང་། ཁྲག་དང་མིག་ཆུས་བྲིས་པའི་ལོ་རྒྱུས་ཀྱི་ལེའུ་ཞིག་ཏུ་གྱུར་ཟིན། བོད་ནང་དུ་རྒྱ་གཞུང་གི་དམ་དྲག་འོག་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་དཀའ་ཡང་། ཉིན་གཅིག་གི་དུས་ཚོད་ཙམ་ལས་ཚེ་སྲོག་གི་ཉེན་ཁ་གང་ཡང་མེད་པས། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མི་རྣམས་ཉིན་གཅིག་དུས་གཅིག་གི་ལས་འགུལ་འདིར་ངེས་པར་དུ་མཉམ་ཞུགས་བྱེད་ཐུབ་དགོས། འཛམ་གླིང་མི་མང་གི་མདུན་དུ་བོད་ཀྱི་བདེན་དོན་ལོ་རྒྱུས་ངོ་སྤྲོད་བྱེད་པའི་དུས་ཚོད་གལ་ཆེན་ཞིག་དང་། རང་ཉིད་རྒྱལ་ཁབ་ཤོར་བའི་སྐྱབས་བཅོལ་བ་ངོ་མ་ཞིག་ཡིན་པའི་དྲན་གསོ་བྱ་རྒྱུ་ཡང་རང་དབང་ལུང་པར་གནས་སྡོད་བྱེད་མཁན་ཞིག་གི་ངོས་ནས་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ལྷག་པར་དུ་ད་ལྟའི་ཆར་ཡང་བོད་ནང་གདུག་རྩུབ་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་པའི་དུས་ཚོད་ཅིག་ཀྱང་ཡིན། གལ་ཆེ་བའི་ཉིན་མོ་འདི་ཡང་སྣང་མེད་དུ་གཏོང་བར་ཅི་མི་སྙམ་མཁན་གྱི་བོད་པ་ཞིག་ལ་མཚོན་ན། བོད་རིགས་སུ་སྐྱེས་ཀྱང་བོད་པ་མཚན་ཉིད་ཚང་བ་ཞིག་ཏུ་གྱུར་མེད། བོད་རྒྱལ་ཁབ་ཀྱི་ཆེད་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་བོད་མི་འབུམ་ཕྲག་མང་པོ་བྱུང་ཡོད་པ་དང་། མ་འོངས་པར་ཡང་མུ་མཐུད་ཡོང་ངེས་རེད། སྐྱབས་བཅོལ་བོད་མི་ཞིག་གི་ངོས་ནས་ལོ་གཅིག་ནང་ཉིན་གཅིག་གི་དུས་ཚོད་བློས་གཏོང་རྒྱུ་ནི་དཀའ་ངལ་གང་ཡང་མེད་པ་ཞིག་རེད། གཞན་ཁ་ནས་རྫིག་པོ་བཤད། སྐྱབས་བཅོལ་ཞུ་སྐབས་རང་ཉིད་ཀྱི་ཁེ་ཕན་ཆེད་བོད་དང་བོད་མིའི་བདེ་སྡུག་བཤད་ནས་ཡིག་ཆ་རག་ཐབས་བྱེད་ཐུབ་པ་ཙམ་གྱིས་བོད་མི་རྣལ་མ་ཞིག་ཡིན་པའི་འགན་ཁུར་གཏན་ནས་འགྲུབ་མེད། མི་གཅིག་དབང་འཛིན་བྱེད་མཁན་རྒྱ་དམར་གཞུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་ལས། རྒྱ་དམར་གཞུང་ལ་སྤྲེལ་ལད་འཁྲབ་ནས་བོད་དང་བོད་མིའི་གནད་དོན་ཐག་གཅོད་ཡོང་ཆེད་དམིགས་བསལ་གྱི་ཁེ་ཕན་ཞིག་རག་ཐུབ་པའི་རེ་བ་བརྒྱབ་པ་ནི་རང་ཉིད་མགོ་སྐོར་བཏང་བ་ཙམ་ཡིན། ད་ལྟའི་དུས་འདིར་རྒྱ་དམར་གཞུང་ལ་རྒྱལ་སྤྱིའི་ཐོག་ནས་ལྟ་སྟངས་སྡུག་ཏུ་སོང་ཡོད་པ་དང་། ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་གཞུང་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་གོ་སྐབས་འདི་ནི། བོད་དང་། ཤར་ཏུར་ཀི་སི་ཐན་སོགས་རྒྱ་དམར་གཞུང་གི་བཙན་གནོན་འོག་ཡོད་མཁན་རྣམས་ལ་རྙེད་དཀའ་བ་ཞིག་རེད། ལྷོ་རྒྱ་མཚོའི་བདག་དབང་དང་། ཐའེ་ཝན་གྱི་གནད་དོན་སོགས་ནི་མ་འོངས་པར་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་ཁ་གཏད་གཅོག་པའི་ལག་ཆ་འབའ་ཞིག་ཡིན་པ་དང་། རྒྱ་ནག་དཔལ་འབྱོར་གྱི་འཕེལ་ཚད་དལ་དུ་ཕྱིན་ཞིང་། སྲིད་བློན་གྱིས་གཙོས་གནད་ཡོད་མི་སྣ་མང་པོ་ཞིག་ཞི་ཅིན་ཕིང་གི་འོག་ཏུ་གྲགས་འགུལ་གང་ཡང་མེད་པར་བསྒྱུར་བ། ལྐོག་ཟ་རུལ་སུངས་ལ་ཁ་གཡར་ནས་དཔོན་རིགས་མང་པོ་མགོ་རྟིང་བསློགས་པ་དང་། ཉེ་ཆར་ཕྱི་སྲིད་བློན་ཆེན་དང་། བདེ་སྲུང་བློན་ཆེན་གཉིས་ཀ་ཞི་ཅིན་ཕིང་གིས་མགོ་རྟིང་བསློགས་པ་སོགས་རྒྱ་ནག་ནང་དབང་ཆའི་འཐབ་རྩོད་ཀྱི་འགལ་བའི་མེ་ལྕེ་ཞིག་ཀྱང་སྤྱི་ཚོགས་ནང་འབར་ལ་ཉེ་བའི་རྒྱུ་རྐྱེན་ཚང་ཡོད། མདོར་ན་གོང་གི་གནས་སྟངས་རྣམས་ཆབ་སྲིད་ཀྱི་འཁོར་ཕྱོགས་ཙམ་ཡིན་ཞིང་། བོད་ལ་མཚོན་ན་འཐབ་རྩོད་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཀྱང་། དོན་དངོས་སུ་བོད་དོན་འཐབ་རྩོད་ནི་གཞན་གྱི་རྒྱབ་སྐྱོར་ཡོད་མེད་ཙམ་དང་འབྲེལ་བ་མེད་པར། བོད་ཀྱི་བུ་རབས་ཚ་རྒྱུད་རྣམས་རྒྱ་དམར་གཞུང་དང་རྒྱ་མི་རིགས་ཀྱི་དབང་བསྒྱུར་འོག་མནར་གཅོད་མྱོང་མི་དགོས་པ་དང་། ཇི་སྲིད་སའི་གོ་ལ་མ་འཇིག་པ་དེ་སྲིད་དུ་བོད་མི་རིགས་དང་བོད་རྒྱལ་ཁབ་གནས་དགོས་པ་དེ་གལ་ཆེ་ཤོས་ཡིན། ཇེའུ་མི་རིགས་ལ་མཚོན་ན་མི་ལོ་སྟོང་ཕྲག་གཉིས་ལྷག་གི་རིང་རྒྱལ་ཁབ་དུ་མར་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡང་། མི་རིགས་འདིའི་ངོས་ནས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱས་ནས་མཐའ་མ་ཨི་ཟི་རེལ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། བོད་པས་ཀྱང་རྒྱ་གཞུང་གི་བཙན་གནོན་འོག་ནས་ནམ་ཡང་ཐར་མི་སྲིད་སྙམ་པའི་བསམ་བློ་གཏན་ནས་གཏོང་མི་རུང་ལ།རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཡང་རྒྱུན་གཏན་ནས་འཆད་མི་རུང་། 

རྒྱ་ནག་རྒྱལ་ཡོངས་ཚོགས་ཆེན་སྐབས་དམག་དོན་སྔོན་རྩིས་དེ་བརྒྱ་ཆ་༧,༢% ལ་སྤར་ཏེ་དམག་ལ་གྲ་སྒྲིག་དགོས་པར་བརྗོད།

ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༥ ་ཉིན་གྱི་སྔ་དྲོར་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བ་དེ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཡོད་འདུག སྐབས་དེར་རྒྱ་ནག་གི་སྲིད་བློན་ལི་ཆང་གིས་ཚོགས་འདུའི་ཐོག་ཏུ་ལས་དོན་སྙན་སྒྲོན་དང་རྒྱ་ནག་གཞུང་གི་དཔལ་འབྱོར་དམིགས་ཚད། ཕྱི་འབྲེལ་སྲིད་བྱུས་དང་སྤྱི་ཚོགས་ཀྱི་གནད་དོན། ཧོང་ཀོང་དང་ཐའེ་ཝན་གྱི་གནད་དོན་བཅས་ཀྱི་ཐོག་ལ་དུས་ཡུན་ཆུ་ཚོད་གཅིག་ཙམ་གཏམ་བཤད་བྱས་ཡོད་འདུག གཏམ་བཤད་ཀྱི་ནང་། ཁོས་ལོ་འདིའི་ནང་རྒྱ་ནག་དཔལ་འབྱོར་གྱི་དམིགས་ཚད་ནི་ན་ནིང་གི་དམིགས་ཚད་དང་མཚུངས་པར་རྒྱལ་ནང་ཐོན་སྐྱེད་ཁྱོན་བསྡོམས་ཀྱི་འཕར་ཚད་བརྒྱ་ཆ་༥ ཡིན་པ་དང་། གྲོང་ཁྱེར་ཁག་ཏུ་ལས་ཀའི་གོ་སྐབས་གསར་པ་ས་ཡ་༡༢ བསྐྲུན་རྒྱུ་རེ་བ་བྱེད་ཀྱི་ཡོད་ཅེས་དང་། ནད་ཡམས་ཐོན་རྗེས་ཀྱི་དཔལ་འབྱོར་སླར་གསོ་བྱ་རྒྱུ་ནི་དཀའ་ངལ་ཞིག་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་ཁོར་ཡུག་གིས་རྒྱ་ནག་གི་འཕེལ་རྒྱས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བྱུང་ཞེས་བརྗོད་འདུག དེ་བཞིན་ཁོས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་དོན་སྦྱོང་བརྡར་དང་གྲ་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་ཞེས་བརྗོད་ནས། རྒྱ་ནག་གི་དམག་དོན་སྔོན་རྩིས་དེ་བརྒྱ་ཆ་༧,༢% སྤར་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གི་སྔོན་རྩིས་དེ་ཨ་སྒོར་ཐེར་འབུམ་༢༣༡.༤ ཟིན་ཡོད་འདུག གཞན་ཡང་ཐའེ་ཝན་གྱི་གནད་དོན་དང་འབྲེལ་ཁོས་རྒྱ་ནག་གིས་རྒྱ་ནག་གཅིག་གི་རྩ་དོན་མཐའ་འཁྱོངས་ཀྱིས་ཁ་ཕྲལ་རིང་ལུགས་དང་ཕྱི་རྒྱལ་གྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་དེ་ཟླ་༣ ཚེས་༥ ནས་ཚེས་༡༡ བར་འཚོགས་རྒྱུ་ཡིན་འདུག་པ་དང་། ལུའུ་ཆིན་ཅན་ཟེར་བ་ཞིག་ཚོགས་ཆེན་གྱི་མགྲིན་ཚབ་པ་ལ་བསྐོ་གཞག་བྱས་ཡོད་འདུག། གསར་འགོད་པ། བློ་བཟང་རྒྱ་མཚོ།

ཞི་ཅིན་ཕིང་གིས་རྒྱ་ནག་ནང་དབང་ཤུགས་ཆེ་བའི་མི་སྣ་གཉིས་པ་སྲིད་བློན་གྱི་ནུས་པ་ཉམས་ཞན་དུ་བཏང་འདུག

ཟླ་འདིའི་ཚེས་༥ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ལོ་ངོ་སུམ་ཅུའི་རིང་རྒྱ་ནག་གི་རྒྱལ་ཡོངས་སྲིད་གྲོས་ཚོགས་འདུ་ཟེར་བ་གྲོལ་རྗེས། སྲིད་བློན་གྱིས་གསར་འགོད་གསལ་བསྒྲགས་གཙོ་སྐྱོང་བྱེད་སྲོལ་ཡོད་ན་ཡང་ད་ལོ་ནས་དམིགས་བསལ་གནས་ཚུལ་ཕུད་གསར་འགོད་གསལ་བསྒྲགས་ཀྱི་གཙོ་སྐྱོང་བྱེད་རྒྱུ་མེད་པའི་གནས་ཚུལ་ཐོན་འདུག ཟླ་འདིའི་ཚེས་༤ ་ཉིན་རྒྱ་ནག་གི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་དེ་ཚོགས་འགོ་བཙུགས་ཡོད་འདུག ཚོགས་འདུའི་མགྲིན་ཚབ་པ་ལུའུ་ཆིན་ཅན་གྱིས་བརྗོད་གསལ་ལྟར་ན། དམིགས་བསལ་གྱི་ལས་དོན་ཕུད་སྲིད་བློན་ནས་གསར་འགོད་གསལ་བསྒྲགས་ཀྱི་ལས་དོན་གཙོ་སྐྱོང་བྱ་རྒྱུ་མིན་པ་རེད་འདུག རྒྱ་ནག་གཞུང་གི་གསར་འགོད་གསལ་བསྒྲགས་ཕྱི་ལོ་༡༩༨༨ ལོ་ཐེངས་དང་པོ་འཚོགས་ཡོད་འདུག་པ་དང་། ཕྱི་ལོ་༡༩༩༣ ནས་བཟུང་ལུགས་སྲོལ་བཞིན་ལག་བསྟར་བྱས་ནས་ད་བར་ལོ་ངོ་སུམ་ཅུ་ཙམ་ཕྱིན་ཡོད་འདུག གསར་འགོད་གསལ་བསྒྲགས་ཀྱི་སྐབས་སུ་སྔོན་ཚུད་ནས་འདེམ་སྒྲུག་བྱས་པའི་དྲི་བ་ལ་ལན་འདེབས་བྱེད་ཀྱི་ཡོད་ན་ཡང་། ཕྱི་ཕྱོགས་ཀྱི་འཛམ་གླིང་ལ་ཐད་ཀར་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ནས་སྲིད་བྱུས་ཀྱི་ཁ་ཕྱོགས་སྐོར་ཉན་རྒྱུའི་གོ་སྐབས་ཤིག་མཁོ་འདོན་བྱེད་ཀྱི་ཡོད་འདུག གསར་འགོད་གསལ་བསྒྲགས་བརྒྱུད་ནས་རྒྱལ་སྤྱིའི་ནང་རྒྱ་ནག་གི་སྲིད་བློན་ནི་རྒྱ་ནག་གི་འགོ་ཁྲིད་གཞན་དག་ལས་རྒྱུས་མངའ་ཆེ་བ་ཡོང་གི་ཡོད་འདུག ཡིན་ན་ཡང་། ད་ནས་རྒྱ་ནག་གི་སྲིད་བློན་གྱིས་གསར་འགོད་གསལ་བསྒྲགས་བྱེད་རྒྱུ་མིན་པའི་གནས་ཚུལ་ཐོན་པར་བརྟེན། གནས་ཚུལ་དབྱེ་ཞིབ་པས་འགྱུར་ལྡོག་དེ་ནི་མི་རྣམས་ཧང་སངས་དགོས་པ་ཞིག་ཡིན་མོད་ཀྱང་། དེ་ནི་རྒྱ་ནག་གི་ཆབ་སྲིད་འཕེལ་རྒྱས་དང་འཚམ་པ་ཞིག་རེད་ཅེས་བརྗོད་འདུག། གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནང་དུ་གསར་འགོད་གསལ་བསྒྲགས་གཏོང་རྒྱུ་མེད་པ་བཟོས་ན་རྒྱ་ནག་གི་སྲིད་བློན་གྱི་ཤུགས་རྐྱེན་སྔར་ལས་ཆུང་དུ་འགྲོ་རྒྱུ་ཡིན་པ་དང་། ཞི་ཅིན་ཕིང་གིས་འདས་པའི་ལོ་ངོ་བཅུའི་རིང་གི་དུས་ཚོད་མང་ཆེ་བའི་ནང་། རྒྱ་ནག་གི་སྟོབས་ཤུགས་ཆེ་ཤོས་ཀྱི་མི་སྣ་གཉིས་པ་སྲིད་བློན་གྱི་ནུས་པ་ཉམས་ཞན་དུ་བཏང་ཡོད་པ་རེད་འདུག རྒྱ་ནག་གི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བ་ཟླ་འདིའི་ཚེས་༤ ནས་ཚེས་༡༠ བར་བཅས་ཉིན་དྲུག་གི་རིང་འཚོགས་རྒྱུ་རེད་འདུག། གསར་འགོད་པ། བློ་བཟང་རྒྱ་མཚོ།

ཐའེ་ཝན་གྱིས་གདོང་རིས་སོགས་འདྲ་བའི་རྒྱ་གར་བྱང་ཤར་ཁུལ་ནས་ལས་མི་ལེན་རྒྱུར་གྲོས་མཐུན་བྱུང་། 

ཐའེ་ཝན་ནང་ལས་མི་མི་འདང་བའི་རྐྱེན་གྱིས་རྒྱ་གར་ནས་ལས་མི་འབུམ་གཅིག་ལེན་རྒྱུའི་ཐབས་བརྩོན་བྱས་ཡོད་ཀྱང་། ཐའེ་ཝན་མི་མང་ཁྲོད་ནས་རྒྱ་གར་གྱི་ལས་མི་འབུམ་གཅིག་ཐའེ་ཝན་ལ་ཡོང་ན། ཐའེ་ཝན་ནང་གི་བུད་མེད་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པར་བརྗོད་ནས་མི་མང་ཁྲོད་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པར་བརྟེན། ཐའེ་ཝན་གཞུང་ནས་མི་མང་གིས་རྒྱ་གར་གྱི་མིར་དབྱེ་འབྱེད་བྱས་པར་རྒྱ་གར་གཞུང་ལ་དགོངས་སེལ་ཞུས་ཡོད་འདུག  ཕྱི་ཚེས་༥  ཉིན་རྒྱ་གར་གྱི་(Wion)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་གྱི་ངལ་རྩོལ་བློན་ཆེན་གྱིས་རྒྱ་གར་ནས་ལས་མི་བསྡུ་རུག་བྱེད་ཕྱོགས་ཐད་ཐའེ་ཝན་མི་མང་གི་ཁྲོད་ནས་རྒྱ་གར་མིའི་ཀུན་སྤྱོད་དང་། ཁ་མདོག ཆོས་ལུགས་སོགས་ལ་བརྟེན་ནས་དབྱེ་འབྱེད་བྱས་པ་ལ་དགོངས་སེལ་ཞུས་ཡོད་འདུག རྒྱུ་མཚན་ནི་ཐའེ་ཝན་ནང་ལས་མི་མི་འདང་བའི་རྐྱེན་གྱིས་རྒྱ་གར་ནས་ལས་མི་འབུམ་གཅིག་ལེན་རྒྱུའི་གྲོས་མཐུན་བྱུང་ཡོད་ཀྱང་། ཐའེ་ཝན་མི་མང་གིས་རྒྱ་གར་གྱི་ལས་མི་ཐའེ་ཝན་ལ་ཡོང་ན་ཐའེ་ཝན་གྱི་བུད་མེད་རྣམས་ལ་བཙན་གཡེམ་སོགས་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་སྐོར་དང་། རྒྱ་གར་གྱི་མི་མང་ལ་དམའ་འབེེབས་དང་དབྱེ་འབྱེད་བྱས་ཡོད་པས། གནད་དོན་དེ་དྲྭ་ཐོག་ལ་ཁྱབ་ཆེན་པོ་ཕྱིན་པའི་རྐྱེན་གྱིས་རྒྱ་ནག་གི་སྤྱི་ཚོགས་ཁྲོད་གནད་དོན་དེའི་སྐོར་གླེང་སློང་དང་རྒྱ་གར་གྱི་མི་མང་ལ་མཐོང་ཆུང་ཆེན་པོ་བྱས་ཡོད་འདུག སྤྱིར་བཏང་རྒྱ་གར་གྱི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་བདེ་འཇགས་ལ་ཉེན་ཁ་དུ་མ་ཞིག་འཕྲད་བཞིན་ཡོད་ལ། ལོ་ལྟར་བུད་མེད་དུ་མ་ཞིག་ལས་ཁུངས་ནང་དང་། སློབ་གྲྭ  གྲོང་ཁྱེར་ཆེ་ཁག གསང་ལམ་ཁྲོད། ཉིན་མོ་དང་། དགོང་མོ་སོགས་ཀྱི་ས་ཁུལ་འདྲ་མིན་དང་། དུས་ཚོད་ངེས་མེད་ལ་བུད་མེད་རྣམས་བཙན་གཡེམ་བཏང་བ་དང་། བཙན་གཡེམ་བཏང་རྗེས་གསོད་པ། རྡུང་པ་སོགས་ཀྱི་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་འདུག དེ་རིང་ཕྱི་ཚེས་༥ ཉིན་རྒྱ་གར་གྱི་(firstpost)གསར་ཁང་གིས་བཀོད་པའི་གནས་ཚུལ་ལྟར་ན། བདུན་ཕྲག་སྔོན་མར་(Spanish)སི་པན་གྱི་བཟའ་ཚང་གཉིས་ནུབ་བྷང་གལ་ནས་བལ་ཡུལ་ཕྱོགས་སུ་ཐོན་ཏེ་རྒྱ་གར་གྱི་མངའ་སྡེ་(Jharkhan)རྗར་ཁན་ནང་དུ་སླེབས་རྗེས། དགོང་མོའི་ཆུ་ཚོད་ལྔ་པ་ཙམ་ལ་བཟའ་ཚང་གཉིས་གུར་ནང་སྡོད་པའི་སྐབས་སུ། རྒྱ་གར་གྱི་མི་བདུན་ཡོང་ནས་རང་ལོ་༢༨ ཡིན་པའི་བུད་མེད་དེ་བཙན་གཡེམ་བཏང་ཡོད་འདུག་པ་དང་། མོའི་ཁྱོ་ག་ཡང་བརྡུངས་ནས་ཁོང་གཉིས་ཀྱི་ཅ་ལག་རྣམས་འཕྲོག་ཡོད་འདུག དགོང་མོ་དེའི་ཆུ་ཚོད་༡༡ ཙམ་ལ་ཉེ་འཁོར་དུ་ཡོད་པའི་འཕྲུལ་འཁོར་སྣུམ་བླུག་ས་ཞིག་ཏུ་སླེབས་ཡོད་འདུག་པ་དང་། སྣུམ་བླུག་སའི་ལས་བྱེད་ཀྱིས་རོགས་རམ་བྱས་ནས་ཉེན་རྟོག་པ་སྐད་བཏང་ཡོད་འདུག ཁོང་གཉིས་འདས་པའི་ལོ་མང་རིང་འཛམ་གླིང་གི་རྒྱལ་ཁབ་༦༣ ཙམ་གྱི་ནང་སྦག་སྦག་གཞོན་ནས་ཡུལ་སྐོར་ཕྱིན་ཡོད་འདུག་པ་དང་། མཐའ་མ་རྒྱ་གར་ནང་སླེབས་ནས་བལ་ཡུལ་དུ་ཐོན་དུས། ལམ་བར་ནས་རྐྱེན་ངན་འཕྲད་ནས་ད་ལྟ་སྨན་ཁང་ནང་ཡོད་འདུག་ལ། བཙན་གཡེམ་གཏོང་མཁན་མི་བདུན་ནས་མི་གསུམ་ཉེན་རྟོག་པས་འཛིན་བཟུང་བྱེད་ཐུབ་ཡོད་འདུག་ཀྱང་། མི་བཞི་བྲོས་ཤོར་ནས་ད་དུང་འཛིན་བཟུང་ཐུབ་ཡོད་མི་འདུག དེ་བཞིན་རྒྱ་གར་གཞུང་གིས་བཙན་གཡེམ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་བཏོན་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་རྒྱ་གར་ནང་དུ་སྐར་མ་༡༨ ནང་བུད་མེད་རེ་རེ་བཙན་གཡེམ་གཏོང་གི་ཡོད་པ་རྒྱ་གར་གྱི་(firstpost)གསར་ཁང་གིས་བརྗོད་འདུག རྒྱ་གར་ནང་དོན་རྐྱེན་འདི་ལྟ་བུ་དུ་མ་བྱུང་བའི་རྐྱེན་གྱིས་ཐའེ་ཝན་ནང་རྒྱ་གར་ནས་ལས་མི་ལེན་རྒྱུ་མི་མང་གིས་འདོད་མོས་བྱེད་ཀྱི་མེད་ཀྱང་། ཕྱི་ཚེས་༢༩ ཉིན་ཐའེ་ཝན་གྱི་ངལ་རྩོལ་བློན་ཆེན་(Hsu Ming-chun)་གྱིས། ཐའེ་ཝན་དང་རྒྱ་གར་གཞུང་གཉིས་བར་ལས་མི་བརྗེ་རེས་ཀྱི་གྲོས་མཐུན་ལ་མཚན་རྟགས་བཀོད་ཡོད་འདུག ཐེངས་འདིར་རྒྱ་གར་གྱི་བྱང་ཤར་ཁུལ་ནས་ལས་མི་བསྡུ་འཆར་ཡོད་འདུག རྒྱུ་མཚན་ནི་བྱང་ཤར་ཁུལ་དུ་ཡོད་པའི་རྒྱ་གར་བ་རྣམས་ནི་ཤ་མདོག་དང་། རིག་གཞུང་། ཀུན་སྤྱོད་སོགས་ཐའེ་ཝན་གྱི་མི་དང་འདྲ་མཚུངས་ཡོད་པའི་རྐྱེན་གྱིས་ཡིན་འདུག ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་ནས་ཐའེ་ཝན་མི་མང་གིས་རྒྱ་གར་གྱི་མི་མང་ལ་དབྱེ་འབྱེད་བྱས་པ་དགོངས་སེལ་ཞུས་ཡོད་འདུག་ཀྱང་། རྒྱ་གར་གཞུང་གིས་དེ་ལ་ད་བར་ཡ་ལན་གང་ཡང་སྤྲད་ཡོད་མི་འདུག འོན་ཀྱང་། རྒྱལ་ཁབ་གཉིས་བར་ལས་མི་བརྗེ་ལེན་གྱི་གྲོས་མཐུན་བཞག་ཡོད་འདུག་པ་དང་། […]

ཨ་མྱེས་ཐུབ་བསྟན་ཚང་གི་དེབ་བོད་ཀྱི་ཁམས་པ་དཔའ་བོའི་བུ་ཞེས་པ་དབུ་འབྱེད་གནང་།

ཟླ་འདིའི་ཕྱི་ཚེས་༣་ཉིན་ཨ་མྱེས་ཐུབ་བསྟན་ཚང་གི་དེབ་ཁམས་པ་དཔའ་བོའི་བུ་ཞེས་པའི་དེབ་གཅིག་ཨ་རིར་རྟེན་གཞི་བྱས་པའི་ས་མཐོ་ཨེ་ཤི་ཡའི་ནང་དབུ་འབྱེད་གནང་ཞིང་།དབུ་འབྱེད་ཀྱི་མཛད་སྒོ་དེར་མཁས་དབང་འཇམ་དབྱངས་ནོར་བུ་དང་རང་བཙན་འཐབ་རྩོད་པ་དོན་གྲུབ་ལྷ་དར་གཙོས་པའི་སྤྱི་ཟུར་དང་འཐབ་རྩོད་པ། དེ་བཞིན་ཤེས་ལྡན་པ་སོགས་མང་པོ་ཞིག་འཛོམས་འདུགསྐབས་དེར་འཇམ་དབྱངས་ནོར་བུས་དཔེ་དེབ་དབུ་འབྱེད་དང་འབྲེལ་ཏེ། ཐུབ་བསྟན་ལགས་དང་ཁོང་རྣམ་གཉིས་སྔོན་མ་གཞོན་ནུ་ལྷན་ཚོགས་ནང་ལས་ཀ་མཉམ་དུ་བྱེད་མྱོང་བ། དེ་བཞིན་ཁོང་གིས་ཕྱག་དེབ་འདི་བཏོན་གནང་བར་ཧ་ཅང་དགའ་བོ་བྱུང་བའི་སྐོར། ཐུབ་བསྟན་ལགས་ཀྱི་མི་ཚེའི་ལོ་རྒྱུས་ཏོག་ཙམ་ཞིག་སྔོན་མ་གཞོན་ནུའི་ལས་ཁུངས་ནང་དུ་ཁོང་ལ་གསུང་མྱོང་ཡོད་པ། སྐབས་དེར་མི་མང་པོ་ལྷ་སའི་གཙང་པོ་བརྒལ་དུས་རྒྱ་མིས་མེ་མདའ་བརྒྱབས་ཏེ་མི་མང་པོ་གཙང་པོའི་ནང་ཐིམ་པའི་སྐོར་དང་། དེ་དུས་ཁོང་དང་ཁོང་གི་གཅེན་པོ་ཧ་ཅང་ཆུང་ཆུང་ཡིན་ཡང་བོང་བུ་བཞོན་ཏེ་ལྷ་སའི་གཙང་པོ་བརྒལ་ཚུལ་དང་། ཁོང་གི་ཡབ་ཆུ་བཞི་སྒང་དྲུག་གི་དམག་མི་ཡིན་པས་དེའི་རྗེས་སུ་འབྲངས་ཏེ་ཡོང་ཚུལ་སོགས་སྒྲུང་ནང་བཞིན་ཧ་ལས་པའི་སྙན་པོ་བྱུང་ཚུལ། གཞན་ཡང་སྒྲུང་དེ་མར་ཡིག་ཐོག་ཏུ་བྲིས་ཏེ་རྒྱ་གར་གྱི་ཚགས་པར་ཐོག་བཀོད་ན་ཞེས་ཁོང་གིས་བསམ་ཚུལ་བཏོན་ཏེ་རྒྱ་གར་གྱི་དུས་དེབ་སོགས་ཀྱི་ནང་བཀོད་པའི་སྐོར་སོགས་གསུངས་སོང་། དེ་བཞིན་བོད་མི་གཞན་ལྟར་ཁོང་ལ་མེ་སྒྱོགས་འཐོར་བའི་ལྕགས་ཙེ་སྒལ་པར་ཟུག་སྟེ་རྗེས་སུ་བཤའ་བཅོས་བཏང་ཚུལ་དང་སྦྲགས། ཁོང་ནི་སྟག་འཚེར་རིན་པོ་ཆེའི་གསོལ་དཔོན་ལས་གཅིག་ཁོང་ཡིན་པ་དང་རང་བཙན་ནང་གི་པ་པ་ཡིན་སྐོར་གྱིས་ཁོང་གི་ཕྱག་དེབ་ཇུས་གཏོགས་གནང་ཚུལ་སོགས་གསུངས་སོང་། དེ་བཞིན་བོད་པའི་ནང་ལོ་ཉི་ཤུའི་སྔོན་དུ་བླ་མ་དང་དཔོན་པོ། ལྷག་ཏུ་བླ་མ་འདྲ་མ་གཏོགས་གཞན་མི་ཚེའི་ལོ་རྒྱུས་འབྲི་མཁན་ཞེ་དྲག་མེད་པ་དང་། ལོ་ཉི་ཤུ་ཡས་མས་ནས་གཞུང་ཞབས་སོགས་ཀྱི་མི་ཚེའི་ལོ་རྒྱུས་འབྲི་རྒྱུ་འགོ་བརྩམས་པ་དང་དེས། ཁ་ཤས་འཁྲུག་པོ་ཞེ་དྲག་མེད་ཀྱང་གནས་ཚུལ་དང་ཚེས་གྲངས་དེ་ཚོ་ཏག་ཏག་ཡོད་དུས་ལོ་རྒྱུས་འབྲི་དུས་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཁོང་གིས་བྲིས་པའི་དེབ་ལ་མི་སྒེར་གྱི་ལོ་རྒྱུས་དེབ་དེ་རིགས་ཀྱིས་ཕན་ཐོགས་ཆེན་པོ་ཡོད་པ། ཁོང་གིས་དེ་རིགས་མང་པོ་བསགས་ཡོད་པའི་སྐོར་སོགས་གསུངས་ཤིང་། ཐུབ་བསྟན་ལགས་ཀྱི་དེབ་དེ་ཀློག་བདེ་བོ་དང་བོད་དབྱིན་གཉིས་ཀའི་ཐོག་ཡོད་དུས། དེ་ཚོ་ལོ་རྒྱུས་དང་འཐབ་རྩོད་གཅིག་པུའི་སྐད་ཆ་མིན་པར་མ་འོངས་པར་ཀློག་ཡ་དང་སོ་སོའི་ལུང་པའི་ཐོག་བསམ་མནོ་གཏང་ཡ་ཞིག་ཡོང་གི་རེད་སོགས་གསུང་བཤད་གནང་སོང་། དེའི་རྗེས་སུ་དོན་གྲུབ་ལྷ་དར་གྱིས་དེབ་འདི་མི་སྒེར་གྱི་ཉེ་རབས་ཀྱི་ལོ་རྒྱུས་ནང་ནས་དམིགས་བསལ་རིན་ཐང་ཡོད་པ་ཞིག་མཐོང་བ་དང་། དེ་ཡང་ཁམས་ཏྲེ་ཧོར་ནང་གི་ཞིང་པ་དང་ཚོང་པའི་འབྱོར་ལྡན་གྱི་ཁྱིམ་ཚང་ཞིག་བོད་པ་གཞན་ལྟར་དགྲ་བོ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་བརྒྱུད་རིམ་ནང་ཁ་འཐོར་ཡ་བྲལ་དུ་ཕྱིན་པའི་སྐྱོ་གར་ལོ་རྒྱུས་ཤིག་དེབ་འདིའི་ནང་དོན་ཆགས་ཡོད་པ་རེད་ཅེས་དང་། དེ་བཞིན་ཁོང་དང་ཐུབ་བསྟན་ལགས་ཀྱི་དེབ་བར་གྱི་འབྲེལ་བ་བྱུང་ཚུལ། སྐབས་དེར་ཁོང་གིས་ཕྲུ་གུ་ཚོའི་དྲན་ཐོའི་ཆེད་དུ་དེབ་འདི་བྲི་རྒྱུ་ཡིན་སྐོར་བརྗོད་པ། ཨ་རི་དང་ཡུ་རོབ་ཀྱི་གསར་བརྗེ་དང་འབྲེལ་བའི་དེབ་ཁག་དང་སྦྱར་ཏེ་ཐུབ་བསྟན་ལགས་ཀྱི་དེབ་དེ་མི་རབས་གཞོན་པ་ཚོར་ཁོང་གིས་ཨ་ཕར་དཔའ་བོར་ཡིན་པ་ངོ་སྤྲོད་དང་ཁོང་གིས་སོ་སོའི་ཨ་ཕ་ངོས་འཛིན་གནང་སྟངས་སོགས་དང་། གཞན་ཡང་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ལ་མ་ལྟོས་པར་དེབ་དེ་དབུ་འབྱེད་གནང་ཐུབ་པ་ནི་རྒྱལ་ཁ་ཞིག་ཡིན་སྐོར་སོགས་གསུངས་སོང་།  དེ་མིན་དེབ་དེ་དབྱིན་བོད་གང་གི་ཐོག་བཀླགས་ཀྱང་གོ་སླ་ཞིང་ཀློག་བདེ་བ། ཐུབ་བསྟན་ལགས་ཀྱི་ཨ་ཕའི་བློ་ཁོག་དང་འཆར་གཞི་ལྡན་ཚུལ་སོགས་དང་འབྲེལ་སྐབས་དེའི་གནས་ཚུལ་དང་འབྲེལ་རྒྱ་དམར་གྱིས་བོད་མི་ཚོར་དཀའ་སྡུག་སྤྲད་ཚུལ་སོགས་གསུང་བཤད་གནང་སོང་། གཞུག་དེར་དེབ་རྩོམ་པ་པོ་ཨ་མྱེས་ཚང་ཐུབ་བསྟན་གྱིས་དེབ་དེ་འདྲ་ཞིག་ཐོག་མར་འབྲི་རྩོམ་གནང་དགོས་པའི་སྐོར་དུ། ང་ཚོ་བོད་ལ་མི་རབས་རྒན་པ་ཚོར་དཀའ་ངལ་གང་འདྲ་བྱུང་འདུག དཀའ་ངལ་བྱུང་བ་དེའི་དཀའ་ངལ་བཟོ་མཁན་སུ་རེད་ཟེར། དེའི་ལོ་རྒྱུས་ཆ་ཚང་ཞིག་དེབ་ཀྱི་མགོ་ནས་བྲིས་ཡོད་རེད།  དེ་ནས་གཞུག་གུར་སྐྱབས་བཅོལ་བསླེབས་ནས་མི་རབས་རྒན་པ་ཚོས་སྐུ་ལས་ག་ཚོད་བསྐྱོན་ཡོད་རེད། རྒྱལ་བ་རིན་པོ་ཆེ་སྐུའི་དབུ་ཁྲིད་འོག་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཆོལ་ཁ་ཆོས་ལུགས་མེད་པར་མཉམ་རུབ་ཐོག་ནས་སྐུ་ལས་ག་ཚོད་བསྐྱོན་ཡོད་མེད། དེ་དག་མི་རབས་གཞོན་པ་ཚོས་ཧ་གོ་ཡ་ཆེད་འབྲི་དགོས་བསམས་སོང་། དེ་ང་ཚོ་ཕྱི་རྒྱལ་གང་སར་གྲམ་ཡོད་རེད། ན་གཞོན་ནམ་མི་རབས་གཞོན་པ་ཚོས་མི་རབས་རྒན་པ་སོ་སོའི་པོ་རྨོ་དང་ཨ་མ་ལགས་སོགས་ལྔ་བཅུ་ང་དགུའི་གོང་ལ་སྡུག་དཀའ་ལས་གང་འདྲ་ཞིག་བྱུང་འདུག དེ་ཚོ་ཤེས་ཡ་ཆེད་དུ་དེབ་འདི་འབྲི་ཐུབ་ན་བསམས་ཏེ་ངས་མགོ་ནས་བྱས་ཏེ་དྲན་པ་སོས་པ་དེ་བྲིས། དེ་ཡང་ཉམས་ཞིབ་བྱས་ནས་བྲིས་པ་མིན། ང་རང་གིས་གང་གོ་བ་དང་མིག་གིས་གང་མཐོང་བ་དེ་མི་རབས་གཞོན་པ་ཚོས་ཤེས་རྒྱུའི་ཆེད་དུ་དེབ་དེ་འབྲི་ཡ་འགོ་བཙུགས་པ་རེད། གཅིག་ནི་དེབ་དེ་ངའི་ཕྲུ་གུ་ཚོའི་ཆེད་དུ་བྲིས་པ་རེད། འོན་ཀྱང་ངའི་ངོ་ཤེས་པ་འཇམ་དབྱངས་ནོར་བུ་དང་བེ་རི་འཇིགས་མེད་དབང་རྒྱལ་སོགས་ཀྱིས་ངས་གཅིག་འབྲི་གི་འདུག དེ་ཡིན་གཅིག་ཀློག་དགོས་པས་ཡིན་གཅིག་སྐུར་རོགས་གསུངས་པ་ལྟར་ངས་ངོ་བཤུས་བསྐུར་བས། འདི་དེ་ག་ཙམ་གཞག་རྒྱུ་མི་འདུག དེབ་གཅིག་བཟོ་ཐུབ་ན་ཡག་པོ་འདུག་གསུངས་སོང་བས། ངས་མགོ་བརྗོད་ནས་ཆ་ཚང་ཞིག་བཟོས། དེ་དུས་གློག་ཀླད་སོགས་དར་རྒྱུ་རེད། ད་བར་ལོ་མང་པོ་འགོར་བ་རེད། དེའི་བར་སྐབས་ནས་པར་རྒྱག་ཐུབ་ས་མ་རེད་སྙམ་ནས་སེམས་ཁྲལ་བྱུང་། དེབ་ཁ་ཤས་ཤིག་པར་བརྒྱབས་ཏེ་ངོ་ཤེས་ཚོར་སྤྲད་ཡ་བྱེད་དགོས་བསམས། དོན་གྲུབ་ལྷ་དར་ཁོང་རྣམ་པས་བཀའ་སློབ་གནང་སྟེ་མང་ཙམ་ཞིག་པར་ཐུབ་ན་ཡག་པོ་འདུག་གསུངས་ཏེ། པར་ཁ་ཤས་ཤིག་བརྒྱབས་པ་ཡིན། པར་འདི་ཚོ་ཁེ་བཟང་བཟའ་ཡ་དེ་འདྲ་གང་ཡང་མེད། འགྲོ་སོང་མང་བ་ཞིག་འགྲོ་གི་འདུག འགྲོ་སོང་དེ་ཕལ་ཆེར་དོན་ས་མ་རེད། འོན་ཀྱང་པར་རྒྱག་ཐུབ་ནས་བློ་བདེ་བོ་བྱུང་། […]