ཆམ་རིམས། (COLD/CATARRH)

སྤྱིར་ཆམ་རིམས་ཀྱི་རྒྱུ་ནི་རིམས་སྤྱི་དང་ཕྱོགས་འདྲ་བའི་ཁྱད་པར་གྱི་རྐྱེན་ནི་མི་གཙང་བའི་ཟས་དང༌། སྤྱོད་ལམ། ཁ་ཟས་སོགས་འདྲེས་པ་དང༌། སྣ་བུག་གཡས་གཡོན་གྱི་རྩ་ལ་རྡུལ་བཙངས་པ་དང༌། གྲིབ་ཕོག་པ། གནམ་གཤིས་ཚ་གྲང་མི་སྙོམས་པ་ལ་སོགས་པའི་ཤུགས་རྐྱེན་འདྲ་མིན་གྱིས་ཆམ་པ་སློང་བར་ཡང་གྲགས་པ་ཡིན་ནོ།།

ཆམ་པ་ལ་གྲེ་ཆམ་དང༌། གློ་ཆམ། རིམས་ཆམ། སྣ་ཆམ་བཅས་དབྱེ་བ་བཞི་ཡོད་པ་ཡིན་ཏེ།

གྲེ་ཆམ་ནི་དང་པོ་གྲེ་བ་དང་རྐན་མཚུལ་རྣམས་ཚ་ལ། བར་དུ་སྣ་ནས་ཆུ་མང་དུ་འཛག་ཅིང་མཚུལ་འགགས་པ་དང༌། ཐ་མ་སྦྲིད་པ་མང་པོ་ཡང་ཡང་བསྟུད་ཅིང་རྒྱག་པ་དང༌། གློ་ཆམ་ནི་གྲེ་ཆམ་དང་འདྲ་བར་དང་པོ་གྲེ་བ་ཚ་ཞིང་འཛེར་ལ། བར་དུ་གློ་མང་ཞིང་མགོ་དང་བྲང་རྒྱབ་ན་བ་དང༌། ཐ་མ་ལུད་པ་རྣག་ཏུ་ལུ་ཞིང་དེ་མ་བཅོས་ན་གློ་གཅོང་དུ་འགྱུར་བ་ཡིན། རིམ་ཆམ་ནི་མགོ་དང༌། ཚིགས་གཞི། བྱིན་པ་ཉྭ་སོགས་ན་བ། རོ་སྟོད་མི་བདེ་ཞིང་བརླ་དང་རྐེད་པ་བརྡུངས་སྙོམ་བྱེད་པ་དང༌། ཁ་ཁ་ལ་དྭང་ག་མི་བདེ་ཞིང༌། གྲང་ཤུམ་བྱེད་ཅིང༌། སྲོད་ལ་ཤ་ཚ་ཞིང་རྨི་ལམ་ཟ་ཟི་མང་བ་འབྱུང༌། དེ་ལ་དྲག་ཤུལ་གྱི་རིགས་དང་བཅུད་ཤོར་བས་རྒྱལ་བར་གྱུར་ན་ཆམ་པ་སྐྱུར་ཤོར་ཞེས་བྱ་བ་སྟེ་འཆི་བ་ཡང་ཡོང་སྲིད། སྣ་ཆམ་ནི་སྣ་ཚ་ཞིང་ཟ་གཡའ་བྱེད་ལ། སྣ་ཆུ་མང་བ་འབྱུང་བའི་རྟགས་ཡོད་དོ།།

བཅོས་ཐབས། གྲེ་ཆམ་ལ་དམིགས་སུ་སྨན་གཏོང་མི་དགོས་པར་ཟས་དང་སྤྱོད་ལམ་གཟབ་པར་བྱེད་དགོས་པ་དང༌། སྣ་ཆམ་ལ་ཡོས་ཀྱི་རླངས་པས་བདུགས་ན་ཕན་པ་ཡིན། གློ་ཆམ་དང་རིམས་ཆམ་གཉིས་ཟས་སྤྱོད་སྨན་འཐུང་གི་སྒོ་ནས་བཅོས་དགོས་པས་ཆུ་བསྐོལ་གང་མང་འཐུང་དགོས་པ་དང༌། ལུས་དྲོ་བོའི་ངང་ཉིན་གཅིག་གཉིས་རིང་ངལ་གསོ་བྱུང་ན་ལེགས།

ཆམ་རིམས་སྔོན་འགོག་ཆེད་ཀུན་གྱིས་ཐུགས་སྣང་གནང་དགོས་པ་ནི། ༡༽ཆུ་བསྐོལ་དང་ཆུ་བཙགས་མ་མ་གཏོགས་གང་བྱུང་འཐུང་མི་རུང་ཞིང༌། རྒྱ་ལམ་ཟུར་དུ་ཡོད་པའི་བཟའ་བཏུང་རིགས་ལ་ངེས་པར་དུ་འཛེམ་དགོས། ༢༽ཁ་དང་ལག་པ་ཡང་ཡང་བཀྲུ་དགོས་ལ། ཚལ་དང་ཤིང་ཏོག་སོགས་རྗེན་པའི་རིགས་མ་ཟོས་གོང་ལེགས་པར་བཀྲུ་དགོས། ༣༽མཁའ་རླུང་གྲང་མོར་འཛེམ་དགོས་པ་དང༌། གནམ་གཤིས་ཚ་གྲངས་ལ་གཞིགས་ནས་གོས་གྱོན་དགོས་པ་བཅས་སོ།།

བོད་གཞུང་སྨན་རྩིས་ཁང་ནད་བཅོས་ཉམས་ཞིབ་སྨན་པ་བསྟན་འཛིན་རྣམ་གྲོལ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 22

Leave a Reply