དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོའི་ཁྲི་འདོན་གྱི་མཛད་སྒོ།

༄༅། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས། དགའ་ཤར་ལྷོ་པ་དགེ་བཤེས་བྱང་ཆུབ་སངས་རྒྱས་མཆོག་ལ་མཁན་པོའི་ཕྱག་རྟགས་རིན་པོ་ཆེ་སྤྱི་སྩོལ་དགོངས་དོན་བཞིན། ཟླ་འདིའི་བོད་ཚེས་ ༢ རེས་གཟའ་ལྷག་པ་སྟེ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་རབས་ ༨༦ པའི་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་བའི་ཁྲི་འདོན་གྱི་མཛད་སྒོ་ཞིག་འཚོགས་ཞིག་ཡོད།

དེ་ཡང་ཉིན་དེའི་ཞོགས་པ་ཆུ་ཚོད་༥ པའི་ཐོག་མཁན་རིན་པོ་ཆེ་གཟིམས་ཤག་ནས་དྲི་ཞིམ་སྤོས་སྣེས་སྔོན་བསུས་ཏེ། དགའ་ཤར་ལྷོ་པ་ཁང་ཚན་གྱི་ཚོགས་ཁང་དུ་གདན་འདྲེན་ཞུས་ཏེ་རྟེན་འབྲེལ་མཛད་སྒོ་གནང་གྲུབ་པ་དང་། བླ་སྤྲུལ་དང་དགེ་སྐོས། ཁང་ཚན་རྒན་བཅས་ནས་སྤོས་སྣེས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་གཙུག་ལག་ཁང་དུ་གདན་ཞུས་ཐོག  གྲྭ་ཚང་གི་ཚོགས་ཁང་ཆེན་མོའི་ནང་མཁན་རིན་པོ་ཆེ་མཆོག་ནས་སྐུ་ཕྱག་ཕུལ་ཏེ་ཐུགས་སྨོན་གནང་གྲུབ་མཚམས་འཐོར་འབྲུ་གཏོར་རྗེས། ༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་གནས་གཟིགས་སོགས་གནང་།  དེ་ནས་བཞུགས་ཁྲི་རིན་པོ་ཆེར་འཁོད་མཚམས་དབུ་མཛད་ཆེན་མོ་ནས་དཔལ་ལྡན་ཡོད་ཏན་མ་དབུ་བསྐུལ་མཛད་པ་དང་ཆབས་ཅིག་གྲྭ་ཚང་གི་དགེ་སྐོས་སོགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་གནང་ཞིང་། དཔལ་ལྡན་ཡོན་ཏན་མཇུག་རྫོགས་པ་དང་མཁན་རིན་པོ་ཆེ་མཆོག་ནས་བཀྲ་ཤིས་པའི་ཚིགས་བཅད་བཞི་གསུངས།

དེ་རྗེས་ཆོས་རའི་མཛད་སྒོར་རྟེན་གསུམ་འདེགས་འབུལ་དང་བརྩི་བཞག དེ་བཞིན་བླ་བྲང་དུ་རྟེན་འབྲེལ་མཛད་སྒོ་མདོར་བསྡུས། དེ་ནས་གྲྭ་ཚང་གི་གཙུག་ལག་ཁང་དུ་གདན་ས་ཆེན་པོ་དགའ་འབྲས་གཉིས་དང་། བཙུན་དགོན་བྱང་ཆུབ་ཆོས་གླིང་། རྙིང་མ། བཀའ་བརྒྱུད། ས་སྐྱ་བཅས་མོན་གྷོ་འདོད་རྒུ་གླིང་གི་ཆོས་སྒར་ཁག་གི་མཁན་ལས་ཟུར་རྣམ་པ། བླ་སྤྲུལ་དགེ་བཤེས་དང་ལས་སྣེ། མོན་གྷོ་ས་གནས་སྐུ་ངོ་གཞིས་འགོ་མཆོག་དང་ས་གནས་གྲོས་ཚོགས་ཀྱི་ཚགས་གཙོ་མཆོག་གིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྡེ་ཚན་ཁག་གི་སྐུ་ཚབ། དེ་བཞིན་སྦེལ་སྐོབ་དང་ཧུང་སུར། རྡ་རམས་ས་ལ། ས་ལུ་གྷ་ར། བལ་ཡུལ། བཙུམ་ཁུལ་གྱི་དགོན་སྡེ་དང་མི་མང་གི་སྐུ་ཚབ། ཨ་རི་དང་ཐའི་ཝན། སིང་གྷ་པུར་ནང་ཡོད་དགའ་ཤར་གྲྭ་ཚང་གི་ཆོས་ཚོགས་ཀྱི་སྐུ་ཚབ་སོགས་ཉིན་དེར་སྐུ་མགྲོན་དྲུག་བརྒྱ་ལྷག་ཆེད་ཕེབས་གནང་སྟེ་མཁན་རིན་པོ་ཆེ་མཆོག་ལ་བཀྲ་ཤིས་རྟེན་འབྲེལ་མཇལ་དར་སྒྲོན་འབུལ་ཞུས་ཤིང་། མཁན་རིན་པོ་ཆེ་མཆོག་ནས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་འཚམས་འདྲི་དང་། ཉིན་གུང་གསོལ་ཚིགས་རྒྱས་པ་ཞིག་གོ་སྒྲིག་ཞུས།

མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་མཆོག་ནི། ཕྱི་ལོ་ ༡༩༦༧ ལོར་བལ་ཡུལ་དང་བོད་ཀྱི་ས་མཚམས་བཙུམ་གྱི་ལུང་པར་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་ཙམ་ནས་ལུང་པ་དེ་གའི་སྨུ་དགོན་བདེ་ཆེན་ལྷུན་གྲུབ་ཏུ་སྒྲིགས་ཞུགས་དང་། ༡༩༨༠ ལོར་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་སྒྲིགས་ཞུགས་ཀྱིས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མ་ཚུལ་བཞིན་དུ་བསྟེན་ཅིང་། བློ་གསལ་རིགས་པ་སྨྲ་བ་སྟོང་མཚོ་བརྒལ་བའི་དབུས་ན་མི་ལོ་བཅུ་ཕྲག་གཉིས་ལྷག་གི་རིང་རྒྱ་བོད་མཁས་པའི་གཞུང་ཆེན་བཀའ་པོད་ལྔ་སོགས་ལ་གསན་བསམ་སློ
བ་གཉེར་མཐར་སོན་གནང་ཐོག་གྲྭ་ཚང་གི་འཛིན་གྲྭའི་རྒྱུགས་སྤྲོད་རྣམས་ལེགས་པར་ཐོན། ཞོར་དུ་སྙན་སུམ་རིག་གནས་དང་། དཀྱིལ་འཁོར་བྲིས་ཐིག ནག་རྩིས་སོགས་ལའང་སྦྱངས་བརྩོན་མཛད། ༡༩༩༥ ལོར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་འཛུལ་ཞུགས་ཀྱིས་བཀའ་རམས་ལོ་རིམ་གཉིས་དང་། སློབ་དཔོན་ལོ་རིམ་གཉིས། ལྷ་རམས་ལོ་རིམ་གཉིས་བཅས་ལོ་ངོ་དྲུག་རིང་གི་རྒྱུགས་སྤྲོད་སྐབས་ཨང་རིམ་དང་གཉིས་གང་རུང་གི་མཚན་གནས་བཞེས་ཏེ། ༢༠༠༠ ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་ཆེན་མོ་མཛད། ༢༠༠༡ ལོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྒྲིགས་ཞུགས་ཀྱིས་གསང་ཆེན་རྒྱུད་སྡེ་རྒྱ་མཚོར་སློབ་གཉེར་མཛད་ཅིང་། ༢༠༠༩ ལོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྔགས་ཀྱི་རྩོད་རྒྱུགས་ཆེན་མོའི་སྐབས་ཨང་རིམ་གཉིས་པའི་མཚན་གནས་ཀྱང་བཞེས།

བསྟན་པའི་གཞི་མ་ཚུལ་ཁྲིམས་ཀྱི་བསླབ་སྡོམ་བཞེས་པའི་སྐོར།

༸སྐྱབས་རྗེ་མཁན་ཟུར་བླ་ཏེ་རིན་པོ་ཆེའི་ཞལ་སྔ་ནས་བསླབ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང་། ༸གོང་ས་༸སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་བསླབ་ཚིགས་ཕྱི་མ་བསྙེན་པར་རྫོགས་པའི་སྡོམ་པ་དང་། བྱང་སྡོམ། སྔགས་སྡོམ་བཅས་ཡང་དག་པར་བཞེས་ཤིང་། གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བླ་མ་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་ཡི་དམ་བདེ་གསང་འཇིགས་གསུམ་སོགས་ཀྱི་དབང་ལུང་ཁྲིད་གསུམ་ཞུས་རྗེས། ཡི་དམ་ཁག་ཅིག་གི་བསྙེན་པ་དང་ལས་རུང་ཡང་བཞུགས། ཁོང་ནི་རྒྱུན་དུ་ཤ་སྒོང་གཉིས་ཀ་བཅད་དེ་དཀར་ཟས་ཁོ་ནར་བསྟེན་ཏེ་ལོ་མང་དུ་སོང་།

སྤྱི་ཚོགས་ཞབས་ཞུའི་སྐོར།

དགེ་བཤེས་དམ་འཇོག་ཟིན་རྗེས་གཙོ་བོ་དགའ་ཤར་གྲྭ་ཚང་དུ་དཔེ་ཁྲིད་དགེ་རྒན་དང་། ཞོར་ལ་ ༡༩༨༨ ལོར་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་སློབ་གཉེར་གྱི་ལམ་སྲོལ་ཐོག་མར་དབུ་བཙུགས་སྐབས་ནས་བཟུང་ལོ་ངོ་བཅུ་ཕྲག་གཅིག་གི་རིང་དཔེ་ཁྲིད་དགེ་རྒན་གྱི་མཛད་འགན་བཞེས། དེ་ནས་དགའ་ཤར་གྲྭ་ཚང་གི་སློབ་གྲྭའི་སློབ་སྤྱི་ལོ་ངོ་བཞི་དང་། སློབ་གཉེར་ལྷན་ཚོགས་ཀྱི་རྒྱུན་ལས་ལོ་གཅིག་བཅས་གནང་། ༡༩༩༣ ལོ་ནས་མོན་གྷོ་གཏན་སློབ་འཛིན་རིམ། ༡༡ དང་ ༡༢ གཉིས་ཀྱི་བོད་དགེ་ལོ་གསུམ་དང་། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་སྐབས་དཔེ་ཁྲིད་དགེ་རྒན་ཡང་གནང་ཡོད། གཞན་ཡང་ཚོགས་སྡེ་ཁག་གིས་གདན་ཞུས་ལྟར་བགྲོ་གླེང་ཁག་དང་། ཟབ་སྦྱོང་། དེ་བཞིན་ཚན་རིག་གི་བགྲོ་གླེང་ཁག་དུ་མར་ཆེད་ཕེབས་གནང་ཡོད། ལྷག་པར་ཕྱི་ལོ་ ༢༠༠༠ ལོར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གཞུང་འབྲེལ་གྱི་མཛད་སྒོའི་སྐབས་དཀར་སྤྲོའི་ཚོགས་བཞེངས་བགྲོ་གླེང་གནང་བར་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར།

བཙུམ་ཕྱོགས་ཀྱི་མཛད་འཕྲིན་སྐོར།

བཙུམ་པའི་དགེ་བཤེས་གཞན་ཚོ་དང་ལྷན་དུ་བལ་བོད་ཀྱི་ས་མཚམས་བཙུམ་སྟོད་སྨད་དུ་ལོ་ལྟར་ཆེད་ཕེབས་མཛད་དེ། ལུང་པ་དེ་གའི་མི་མང་རྣམས་ལ་ནང་ཆོས་ངོ་སྤྲོད་དང་། དགེ་བསྙེན་གྱི་སྡོམ་པ་འབོག་ཆོག་དང་། ཆང་རག་བཀག་སྡོམ་གྱི་མཛད་ཁུར་གནང་བར་མ་ཟད། ཡུལ་དེར་ ༡༩༢༠ ལོར་༸སྐྱབས་རྗེ་འབྲུག་པ་རིན་པོ་ཆེ་མཆོག་གིས་སེམས་ཅན་སྲོག་བཅད་མི་ཆོག་པའི་ཤ་རྒྱའི་ཁྲིམས་སྲོལ་བཟང་པོ་བཙུགས་ཏེ་མི་ལོ་ ༩༧ ལྷག་འགྲོ་ཡི་ཡོད་པ་དེ་དག་རྒྱུན་གནས་ཡོང་ཆེད་ལུང་པའི་འགོ་དཔོན་སོགས་དང་ལྷན་དུ་ཐུགས་ཁུར་ཆེ་བཞེས་ཀྱིས་ཡིག་ཆ་བསྐྱར་བཅོས་གནང་བ་སོགས་འགྲོ་དོན་བླ་ན་མེད་པ་བསྐྱངས་དང་སྐྱོང་བཞིན་ཡོད།

རྩོམ་སྒྲིག་གི་ལས་དོན་སྐོར།

དགའ་ལྡན་ཤར་རྩེ་སློབ་གྲྭའི་དུས་དེབ་བྱམས་བརྩེའི་འོད་སྣང་དང་། སློབ་གཉེར་ལྷན་ཚོགས་ཀྱི་གཞུང་ཆེན་དཀའ་གནད་སྐོར་གྱི་དུས་དེབ་ཀྱི་ཐོག་མའི་རྩོམ་སྒྲིག་པ་དང་། དགའ་ཤར་གྲྭ་ཚང་གི་ཆོས་སྤྱོད་ཀྱི་མཛད་རིམ་གསལ་བའི་ཉིན་བྱེད་དང་། ༸རྒྱལ་བའི་མཛད་རྣམ་དད་གསུམ་པདྨོ་འབྱེད་པའི་ཉིན་བྱེད་གཙོ་འགན་རྩོམ་སྒྲིག་པ་དང་། ༸གོང་ས་སྐྱབས་མགོན་༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་བཀའ་འབྲེལ་འོག་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་(པོད་བདུན་) རྩོམ་སྒྲིག་ཞུ་མཁན་བཞིའི་གྲས་སུ་ཡང་ཡིན། ད་དུང་ཁོང་གི་བརྩམས་ཆོས་ལ་དཔར་སྐྲུན་ཟིན་པ་དང་ཞུ་རྒྱུའང་མི་ཉུང་བ་ཞིག་ཡོད།

སྔ་ལོར་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དགེ་འདུན་འདུས་མང་ནས་འོས་གཞི་དང་པོར་འདེམས་ཐོན་བྱུང་བ་དང་། ཕྱི་ལོ་༢༠༡༦ ཟླ་ ༤ པའི་ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་༸རྒྱལ་བ་ཡིན་བཞིན་ནོར་བུ་མཆོག་ནས་ཐུགས་དམ་དབྱིངས་དཔྱད་ཀྱིས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་རབས་ ༨༦ པའི་ཕྱག་རྟགས་རིན་པོ་ཆེ་སྤྱི་ཕེབས་དགོངས་དོན་བཞིན། ད་ལྟ་མཁན་པོའི་མཛད་འགན་དངོས་སུ་བཞེས་བཞིན་པ་དང་། བལ་ཡུལ་རྒྱལ་ཁོངས་ནས་གདན་ས་ཆེན་པོ་ཞིག་གི་མཁན་པོའི་མཛད་མཁན་བཞེས་པ་ཐོག་མ་ཡང་ཆགས་ཡོད་པ་བཅས། ཤར་རྩེ་བླ་བླང་ནས་འབྲེལ་ཡོད་རྣམས་ཀྱིས་མཁྱེན་རྟོགས་སླད་མདོ་ཙམ་བཀོད་པའོ།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 140

Leave a Reply