སུས་ཞི་ཅིན་ཕིང་ལ་རྙོག་གྲ་བཟོ་བཞིན་ཡོད་དམ།

ཕྱིའི་བརྒྱུད་ལམ་ཁག་ཅིག་གིས་ལཱོ་ཡུ་ལ་བཅར་འདྲི་བྱེད་པའི་སྐབས།

ཕྱིའི་བརྒྱུད་ལམ་ཁག་ཅིག་གིས་ལཱོ་ཡུ་ལ་བཅར་འདྲི་བྱེད་པའི་སྐབས།

རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་མའོ་ཙེ་ཏུང་གི་བློས་ཐུབ་གྲོགས་པོ་དང་སྲིད་བློན་གཞོན་པ་ཟུར་པ་ལཱོ་རུན་ཆིན་གྱི་བུ་ལཱོ་ཡུ་ཡིས་དེ་སྔར་རྒྱ་ནག་སྤྱི་ཁྱབ་དྲག་ཇུས་ལས་ཁུངས་སུ་ཕྱག་ལས་གནང་ཞིང་མདའ་དཔོན་གྱི་དམག་གི་གོ་གནས་ཐོབ། དྲུག་བཞིའི་དོན་རྐྱེན་རྗེས་རྒྱ་ནག་དམག་ཁོངས་ཀྱི་རུལ་སུངས་ནང་དུ་ངན་པ་ལག་འབྲེལ་བྱ་མ་འདོད་པར་རྒྱ་ནག་དམར་ཤོག་ཚོགས་པ་དང་ཁ་བྲལ་ཏེ་ཕྱི་རྒྱལ་དུ་འབྱོར། མི་རིང་བའི་སྔོན་ཁོང་གིས་སྲིད་འཛིན་ཞི་ཅིན་ཕིང་ལ་ཕུལ་བའི་ཡོངས་གྲགས་ཀྱི་འཕྲིན་ཡིག་ཅིག་བྲིས་ཏེ། སྲིད་དབང་སྒེར་གཅོད་ལམ་ལུགས་མཇུག་བསྡུས་ཏེ་མང་གཙོའི་ལམ་དུ་བསྐྱོད་དགོས་པའི་འབོད་སྐུལ་བྱས། ཉེ་ཆར་ཕྱིའི་བརྒྱུད་ལམ་ཁག་ཅིག་གིས་ལཱོ་ཡུ་ལ་བཅར་འདྲི་བྱས་པའི་ཚན་པ་ཁག་ཅིག་ལས། འདིར་སྔོན་མའི་འཕྲོས་ཀྱི་མུ་འབྲེལ་ལེའུ་གསུམ་པའི་ནང་ལཱོ་ཡུ་ཡིས་ཁོང་གི་ཐུན་མོང་མ་ཡིན་པའི་ལྟ་ཚུལ་ཐོག་ནས་དམག་འཁྲུག་སྐོར་དང་། མང་གཙོ་དང་སྒེར་གཅོད་བར་གྱི་འགལ་ཟླ། རྒྱ་ནག་གི་གནས་བབ། རྒྱ་ནག་དང་ཨ་རི་དེ་བཞིན་མཚོ་འགག་གཉིས་དང་ས་ཁུལ་གསུམ་གྱི་འབྲེལ་ལམ་སྐོར་གླེང་མོལ་བྱས།

<བཅར་འདྲི་ལེའུ་དང་པོ།> ཞི་ལ་གོ་གནས་ཐོབ་པའི་གསང་བ་དང་པའོ་ཚང་ཕ་བུའི་གདོང་རིས་ངོ་མ།
<བཅར་འདྲི་ལེའུ་གཉིས་པ།>
དཔོན་གནས་ཉོ་ཚོང་ནི་ཧུ་དུས་སྐབས་མཇུག་བསྡུ་བའི་མཚོན་རྟགས་སུ་གྱུར།

མཚོ་འགག་གཉིས་ཀྱི་བར་དུ་དམག་འཁྲུག་འབྱུང་མི་སྲིད།

གསར་འགོད་པ། རྒྱ་ནག་སྐམ་སའི་མི་མི་ཉུང་བ་ཞིག་གིས་ཨ་རི་དེ་བློས་བསླངས་ཀྱི་དགྲ་བོར་ལྟ་བཞིན་ཡོད། གལ་ཏེ་ཉིན་ཞིག་དངོས་གནས་ཨ་རི་དང་རྒྱ་ནག་གཉིས་བར་དམག་འཁྲུག་ཤོར་པ་ཡིན་ན། སུ་རྒྱལ་སུ་ཕམ་གྱི་རེད་དགོངས་ཀྱི་ཡོད་དམ།

ལཱོ་ཡུ། དམག་འཁྲུག་གི་བརྗོད་གཞི་འདིར་“གལ་ཏེ་”ཞེས་པའི་ཚིག་འདི་ངོ་མ་བེད་སྤྱོད་བྱ་མི་རུང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས། རྒྱ་ནག་དང་ཨ་རིའམ་ཡང་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་གིས་བྱང་ཀོ་རི་ཡ་ལ་དམག་འཁྲུག་ཐེངས་གཅིག་བརྒྱབ་མྱོང་། ད་ལྟ་དེའི་སྐོར་གྱི་རྒྱུ་ཆ་ཚང་མ་ཕྱིར་ཐོན་ཡོད་ལ། སྐབས་དེར་ཨ་རིས་ཅི་ཞིག་བསམས་པ་དང་། རྒྱ་ནག་གིས་ཅི་ཞིག་དྲན་པའི་གནས་ཚུལ་ཐམས་ཅད་ཀྱི་གསང་རྒྱ་གྲོལ་ཡོད། ངའི་པཱ་ལགས་ནི་དམར་ཤོག་སྒྲིག་འཛུགས་ནང་ཁུལ་གྱི་མི་ཡིན་པར་བརྟེན། ངས་གནས་ཚུལ་ཅུང་མང་བ་ཤེས་ཀྱི་ཡོད། ད་ལྟ་བལྟས་ཡོང་ན་སྐབས་དེར་དུས་ཚོད་ནོར་བ་ཞིག་ལ་ས་ཆ་ནོར་བ་ཞིག་ཏུ་ནོར་འཁྲུལ་ཅན་གྱི་དམག་འཁྲུག་ཅིག་བརྒྱབ་ཡོད། ཨ་རི་དང་རྒྱ་ནག་གཉིས་ཀྱི་བར་དུ་དུས་ད་ལྟའང་སྐབས་དེར་མ་ཉེས་ཁག་གཡོགས་ཀྱི་དམག་འཁྲུག་ཅིག་བརྒྱབ་པའི་ངོས་འཛིན་བྱེད་བཞིན་ཡོད།

འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་བསྡུས་པའི་རྗེས་རྒྱལ་ཁབ་ཆེན་པོའི་བར་དཔེར་ན། ཨ་རི་དང་ཡོ་རོབ། ཨུ་རུ་སུ། འཇར་པན། རྒྱ་ནག་སོགས་ཀྱི་བར་དམག་འཁྲུག་གི་ལམ་ནས་ཐག་གཅོད་བྱ་དགོས་པའི་གནད་དོན་གཅིག་ཀྱང་མེད། རྒྱལ་ཁབ་དེ་དག་གི་འགོ་ཁྲིད་རྣམས་ཀྱང་གནད་དོན་ཆེ་གེ་མོ་ཞིག་དམག་འཁྲུག་གི་ལམ་ནས་ཐག་གཅོད་བྱ་དགོས་པའི་གླེན་པའི་ཚད་ལ་སླེབས་མེད། ང་ཚོས་དམག་འཁྲུག་ཅེས་པའི་གནད་དོན་འདིའི་ཐོག་བགྲོ་གླེང་བྱས་པ་ཡིན་ན། དེ་ནི་ལྟ་གྲུབ་ཆེས་མཐོ་ཤོས་ཤིག་རེད། དོན་དངོས་སུ་རྒྱལ་ཁབ་ཆེན་པོ་རྣམས་ཀྱི་བར་དུ་དམག་འཁྲུག་གི་ལམ་ནས་གནད་དོན་ཐག་གཅོད་བྱ་མི་སྲིད་པ་ནི། སྟོབས་ཆེན་རྒྱལ་ཁབ་བར་གྱི་ཐུན་མོང་གི་ལྟ་ཚུལ་ཞིག་ཆགས་ཡོད།

རྒྱལ་ཁབ་ཆེན་པོའི་བར་དམག་འཁྲུག་འབྱུང་མི་སྲིད་པ་ཙམ་མ་ཟད་མཚོ་འགག་གཉིས་ཀྱི་བར་དུའང་འབྱུང་མི་སྲིད། ཡིན་ནའང་མི་ཁ་ཤས་ཀྱིས་འུར་སྒྲོག་བྱེད་བཞིན་པ་དང་། འུར་སློང་མཁན་གྱི་མི་དེ་དག་གི་དམིགས་ཡུལ་ནི་མི་གཞན་གྱིས་དོ་སྣང་བྱ་ཐབས་ཙམ་ལས། དོན་དངོས་སུ་རྒྱ་ནག་སྐམ་ས་ཡིས་“ཁྱོད་ཁ་མ་བྲལ་ན། ངས་མི་རྡུང་”ཞེས་བརྗོད་པ་དང་། ཐའེ་ཝན་གྱིས་“ཁྱོད་ཀྱིས་མ་རྡུང་ན། ང་ཁ་མི་བྲལ་”ཞེས་བརྗོད་བཞིན་ཡོད་སྟབས། ཚིག་དེ་གཉིས་ཀྱི་ཐོག་ནས་གནད་དོན་ཧ་ཅང་ཁ་གསལ་པོ་ཆགས་ཟིན།

དང་ཐོག་ཐའེ་ཝན་བཅིངས་གྲོལ་གྱི་གནད་དོན་ཞིག་ཡོད་ཀྱང་མའོ་ཙེ་ཏུང་གིས་སྲིད་དབང་བཟུང་བའི་སྐབས། དྲག་པོའི་ལམ་ནས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་པའི་བསམ་བློ་འདོར་ཟིན།

ད་ལྟ་རྒྱ་ནག་གི་དམག་དཔུང་ནི་ཆུ་རྫིང་གི་འདབ་རྫབ་ཅིག་དང་འདྲ་བར་དཔོན་གནས་ཉོ་འཚོང་གི་ཚད་ལ་སླེབས་ཡོད་སྟབས། དམག་འཁྲུག་ཅི་ལྟར་རྒྱག་ཐུབ་བམ། མེ་མདའི་ཁ་གྲག་མ་ཐག་མགོ་འདོགས་སྲིད། གོ་མཚོན་ལག་ཆ་དང་དམག་ཤུགས་ཡོངས་རྫོགས་གཤིབ་བསྡུར་བྱ་ཆོག གང་ལྟར་ཡང་མི་ཁ་ཤས་ཀྱིས་དགའ་མོས་བྱེད་བཞིན་འདུག

གསར་འགོད་པ། རྒྱ་ནག་དམར་ཤོག་ཚོགས་པའི་དམག་དཔུང་ནི་བྱེ་མའི་ཆངས་བུ་བཞིན་དམག་ཐེངས་གཅིག་ཀྱང་མི་འཁྱོལ་བ་ཆགས་ཟིན་པ་རེད་དགོངས་ཀྱི་ཡོད་དམ།

ལཱོ་ཡུ། སྔོན་ནས་དེ་ལྟར་ཆགས་ཟིན།

གསར་འགོད་པ། སྐུ་ཞབས་ལཱོ་ཡུ་ལགས། ཁྱོད་ཀྱིས་འཕྲིན་ཡིག་ནང་ཞི་ཅིན་ཕིང་ལ་ཆབ་སྲིད་ཚོགས་པ་བཀག་སྡོམ་དང་གསར་འགྱུར་རང་དབང་བཀག་སྡོམ་མེད་པར་བཟོས་པའི་རྗེས། ཁྲིམས་ལུགས་རང་བཙན་དང་འོས་བསྡུ། དམག་དཔུང་རྒྱལ་ཁབ་ཅན་གྱི་ལམ་ནས་སྲིད་དབང་གཅིག་སྡུད་མཇུག་བསྡུ་བའི་རེ་སྐུལ་བྱས་འདུག ད་ལྟ་ཞི་ཅིན་ཕིང་གིས་དམག་ནང་གི་རུལ་རྒོལ་དང་བཅོས་སྒྱུར་སོགས་ལས་ལམ་ལུགས་བརྗེ་སྒྱུར་ཀྱི་རྣམ་པ་གཟིགས་ཀྱི་འདུག་གམ། དེ་ལྟ་བུའི་རྟགས་མཚན་འདུག་གམ།

ལཱོ་ཡུ། གང་ལྟར་ཡང་ལམ་ལུགས་ཕྱོགས་ལ་བརྗེ་སྒྱུར་བྱས་ཡོད་པ་གཏན་ཁེལ་རེད། ཡིན་ནའང་དེ་ལྟ་བུའི་ལམ་ལུགས་བརྗེ་སྒྱུར་དེ་དམག་དཔུང་རྒྱལ་ཁབ་ཅན་ཀྱི་ཕྱོགས་སུ་བསྐྱོད་བཞིན་པ་ངས་མཐོང་ཐུབ་ཀྱི་མི་འདུག

ངས་བལྟས་ན་དམག་དཔུང་རྒྱལ་ཁབ་ཅན་ནི་ཆེས་དཀའ་ཁག་ཆེ་ཤོས་རེད་སྙམ། གང་ཡིན་ཟེར་ན། ཆབ་སྲིད་ཚོགས་པ་བཀག་སྡོམ་དང་གསར་འགྱུར་རང་དབང་བཀག་སྡོམ་མེད་པར་བཟོ་བ་ལྟོས་འཇོག་གིས་ཅུང་སླ། ཁྲིམས་ལུགས་རང་བཙན་དང་འོས་འདེབས་སོགས་ཀྱང་དེ་བཞིན་དཀའ་མོ་མིན། ཏང་གིས་དམག་དཔུང་བློས་གཏོང་སྟེ་རྒྱལ་ཁབ་ལ་དབང་བའི་དམག་དཔུང་དུ་བསྒྱུར་པ་ཡིན་ན། ཏང་ལ་དམག་དཔུང་མེད་པར་གྱུར་ཟིན་ལ། ཆབ་སྲིད་ཚོགས་པ་དེ་ནི་ངེས་པར་དུ་མི་མང་གིས་རྒྱབ་སྐྱོར་ཡོད་པའི་ཚོགས་པ་ཞིག་ཡིན་དགོས། དེ་ལྟར་མིན་ན་འཐོར་ཞིག་ཏུ་གྱུར་པ་དང་གཅིག་མཚུངས་ཡིན། དེར་བརྟེན་གནད་དོན་དེའི་ཐོག་ཆོད་སེམས་དང་སྙིང་སྟོབས་ཆེ་ཙམ་དགོས།

སྒེར་གཅོད་དང་མང་གཙོའི་བར་གྱི་འགལ་ཟླ།

གསར་འགོད་པ། ཁྱོད་ཀྱིས་དེབ་ནང་དེང་སྐབས་འཛམ་གླིང་གི་འགལ་ཟླ་གཙོ་བོ་དེ་སྒེར་གཅོད་དང་མང་གཙོའི་བར་གྱི་འགལ་ཟླ་རེད་ཅེས་བྲིས་འདུག ཡིན་ནའང་རྒྱ་ནག་དམར་ཤོག་ཚོགས་པས་མཐའ་གཅིག་ཏུ་ཧོང་ཀོང་དང་མའེ་ཁོ། ཐའེ་ཝན་ནི་གཅིག་གྱུར་ཡིན་པ་དང་། ཐའེ་ཝན་ཚུར་ལེན། ཧོང་ཀོང་གཅིག་གྱུར་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཡོད་ལ། ད་ལྟ་ཧོང་ཀོང་དུ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་སོགས། རྒྱ་ནག་གིས་ས་ཁུལ་དེ་དག་གཅིག་གྱུར་བྱས་པ་དང་དུས་མཚུངས་ཁོང་ཚོའང་སྒེར་གཅོད་ཀྱི་ལམ་དུ་བསྐྱོད་སྲིད་དམ།

ལཱོ་ཡུ། སྲིད་རྒྱུ་མ་རེད། གང་ལགས་ཤེ་ན། ལོ་རྒྱུས་ནི་དུས་ནམ་ཡང་བསྐྱར་ལོག་རྒྱག་མི་སྲིད། ལོ་རྒྱུས་ནང་སྒེར་གཅོད་པས་མང་གཙོ་གཏན་ནས་གཅིག་གྱུར་བྱ་མི་ནུས། དེར་བརྟེན། ལོ་རྒྱུས་ལ་གཅིག་གྱུར་དགོས་པ་ཡིན་ནའང་མང་གཙོའི་འོག་གི་གཅིག་གྱུར་ཡིན་དགོས། རྒྱ་གཞུང་གི་སྐད་ཆ་དེ་དག་སྒེར་གཅོད་པ་དང་སྒེར་གཅོད་པའི་སྨྱུག་ཐོགས་པ་རྣམས་ཀྱི་འཆལ་གཏམ་བཟོས་པ་ཙམ་ཡིན། ཧོང་ཀོང་གི་ལམ་ལུགས་ཅི་ལྟར་གཅིག་གྱུར་བྱ། དམར་ཤོག་ཚོགས་པས་ལཱེན་ཀྲན་དབྱི་(འགྱུར་མཆན། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འགོ་གཙོ)་ཡར་བཞག་ཡོད་ཀྱང་། མི་ཚོས་ལཱེན་ཀྲན་དབྱི་ཡང་གསང་བའི་དམར་ཤོག་ཚོགས་མི་ཡིན་པའི་དོགས་པ་བྱེད་བཞིན་ཡོད། གང་ལྟར་ཧོང་ཀོང་གི་ལམ་ལུགས་གཅིག་གྱུར་བཟོ་འདོད་ཡོད་ནའང་། རྒྱ་ནག་དམར་ཤོག་ཚོགས་པས་ཡོངས་གྲགས་ཐོག་དེ་ལྟར་བཤད་ཕོད་ཀྱི་མེད། ལཱེན་ཀྲན་དབྱི་ཡིས་རྒྱ་དམར་གྱི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་ནའང་འདྲ། དེའི་ཆེད་དུ་སྲོག་བསྡོས་བཞིན་པ་ཡིན་ནའང་འདྲ། གང་ལྟར་ཡང་ལཱེན་ཀྲན་དབྱི་ལ་ཧོང་ཀོང་མི་མང་གི་རྒྱབ་སྐྱོར་བྱེད་ཀྱི་མེད།

གསར་འགོད་པ། ཏིན་ཞའོ་ཕིང་གིས་ལག་བསྟར་བྱས་པའི་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་སྲིད་དབང་སྒེར་གཅོད་བར་གྱི་འབྲེལ་བ་དུས་ཅི་ཙམ་གྱི་བར་དུ་གནས་ཐུབ་བམ། ཁྱོད་ཀྱིས་དབྱེ་ཞིབ་ཅིག་གནང་རོགས།

ལཱོ་ཡུ། ༡༩༩༧ ལོའི་རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ནང་གི་ཕྱོགས་ཁག་གཅིག་གིས་ཧོང་ཀོང་ཟ་འདོད་ཡོད་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱང་དེ་དང་མཉམ་དུ་ཟ་འདོད། ཏཱ་ལའི་བླ་མ་མཆོག་གིས་གསུངས་པ་མ་རེད་དམ། ཁོང་གིས་ཧོང་ཀོང་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བཟོས་ན་འགྲིག བོད་ལ་དེ་ལྟར་ཡོང་ཐབས་མེད། རྒྱ་ནག་དམར་ཤོག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་མི་འགྲིག ཡིན་ནའང་ཁོང་ཚོས་ཏིན་ཞའོ་ཕིང་གིས་གཏན་ལ་ཕབ་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་ཀྱི་གདོང་པར་ལྟོས་ཏེ། དོན་དག་དེ་རྩིས་མེད་གཏོང་ཕོད་ཀྱི་མེད།

ད་ལྟ་དེ་ལྟར་མཁྲེགས་པོ་ཆགས་ཡོད། ཧོང་ཀོང་མི་མང་ལ་གཞི་རྩའི་འོས་བསྡུ་ཐོབ་ཐང་དགོས་པ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དགོས། རྒྱ་ནག་དམར་ཤོག་ནང་ཁུལ་གྱི་མི་སྐོར་ཞིག་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟ་འདོད་ཡོད། ངས་ཚོད་དཔག་ལྟར་ན་དམར་ཤོག་ནང་ཁུལ་གྱི་མི་དེ་དག་ནི་གྲངས་ཉུང་རེད། ད་ལོར་ཧོང་ཀོང་དུ་སྲིད་གཞུང་གི་ལས་ཁུངས་བཙན་བཟུང་བྱས་པའི་ལས་འགུལ་བྱུང་པ་མ་རེད་དམ། ཉེན་རྟོག་པ་ཞིག་གིས་སྦྱར་བྱང་སྟེང་ལས་འགུལ་མཚམས་འཇོག་མ་བྱས་ན་ངས་མེ་མདའ་རྒྱག་རྒྱུ་ཡིན་ཟེར། སྦྱར་བྱང་དེ་བརྙན་འཕྲིན་ནང་ཚང་མས་མཐོང་ཡོད། ཡིན་ནའང་ཞི་ཅིན་ཕིང་གིས་“སུས་མེ་མདའ་རྒྱག་འདོད་པ་ཡིན་ནའང་ཚོད་ལྟ་ཞིག་བྱོས་དང་”ཞེས་ཉེན་བརྡ་བཏང་པ་རེད་ཟེར། གནས་ཚུལ་དེ་དྲ་ལམ་ནས་མཐོང་བྱུང་། གང་ལྟར་མདོར་བསྡུས་ན་ཧོང་ཀོང་དུ་མེ་མདའ་རྒྱག་པའི་གནས་ཚུལ་བྱུང་མེད།

གང་ཡིན་ཟེར་ན། མི་ཁ་ཤས་ཀྱིས་ཞི་ཅིན་ཕིང་ལ་གནོད་སྐྱེལ་བའི་ཕྱིར་ཧོང་ཀོང་གི་གནས་ཚུལ་དེ་ཞི་ཅིན་ཕིང་གི་མགོར་གཡོགས་འདོད་ཡོད། དེ་ནི་ཞི་ཅིན་ཕིང་གི་འགོག་རྐྱེན་རེད། ཡིན་ནའང་ཞི་ཅིན་ཕིང་མི་གཞན་གྱི་མགོ་སྐོར་འོག་ཏུ་ཚུད་མེད་པ་དེའི་ཐོག་ནས་ཁོང་རྣམ་རིག་ཧ་ཅང་གྲུང་པོ་ཡིན་པ་མཚོན་ཡོད། དེ་ནི་ངས་ཞི་ཅིན་ཕིང་མང་གཙོའི་ལམ་བསྐྱོད་པའི་རེ་བ་རྒྱག་དགོས་པའི་རྒྱུ་མཚན་ཡང་ཡིན།

མི་རིགས་རང་ལུགས་དང་རྒྱལ་ཚོང་བ་ཅང་ཙེ་མེན།

གསར་འགོད་པ། ཅང་ཙེ་མེན་གྱིས་སྲིད་དབང་སྐྱོང་བའི་སྐབས། མི་རིགས་རང་ལུགས་ཀྱི་ཀུན་སློང་ཐེངས་མང་བརྒྱུད་སྐུལ་བྱས་ཡོད་ལ། ལྷག་པར་དུ་དེང་གི་རྒྱ་ནག་སྐམ་སའི་མི་རབས་གཞོན་པའི་ཁྲོད་མི་རིགས་ཀྱི་ལར་ཞེན་ཅུང་ཆེ། དཔེར་ན་སན་ཁཱ་ཁུ་གླིང་ཕྲན་གྱི་གནད་དོན་སོགས་ཀྱི་ཐོག་ལ་གཞོན་སྐྱེས་རྣམས་བརྒྱུད་སྐུལ་བྱས་ཏེ་རྙོག་གྲ་སློང་གི་ཡོད། དེའི་ཐད་ཁྱོད་ལ་གཟིགས་ཚུལ་ཅི་ཞིག་ཡོད་དམ།

ལཱོ་ཡུ། དེ་དག་ཚང་མ་རྨོངས་ཞེན་གྱི་བྱ་སྤྱོད་རེད། ངས་གོང་དུ་བཤད་པ་ལྟར། མངའ་ཁོངས་དེ་དག་གི་གནད་དོན་ཚུད་པའི་ད་ལྟའི་ཆར་དམག་འཁྲུག་གི་ལམ་ནས་ཐག་གཅོད་བྱ་ཐུབ་པ་གཅིག་ཀྱང་མེད། སན་ཁཱ་ཁུ་གླིང་ཕྲན་ཡིན་ནའང་འདྲ། ལྷོ་རྒྱ་ནག་རྒྱ་མཚོ་ཡིན་ནའང་འདྲ། ཉི་ཧོང་དང་ཝེ་ཐི་ནམ། ཧྥི་ལི་པིན་སོགས་དང་མཉམ་དུ་གྲོས་མོལ་ཁོ་ན་བརྒྱུད་ནས་རྩོད་ལེན་བྱ་ཐུབ་པ་མ་ཟད། གྲོས་མོལ་ཡང་བསམ་བློ་གསར་པ་ཞིག་གི་ཐོག་ནས་ཡོང་དགོས། ཁྱོད་དང་ང་ཁོ་ནའི་ལམ་ནས་གྲོས་མོལ་བྱ་ཐབས་མེད། ད་ལྟ་སའི་གོ་ལ་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བཞིན་པར་བརྟེན། རྩོད་གཞི་དེ་དག་གི་ཐ་སྙད་ཁྱོད་ལ་མི་དབང་ལ་ང་ལ་ཡང་མི་གཏོགས། ཐུན་མོང་གིས་ལོངས་སུ་སྤྱོད་ཐུབ་ཀྱི་འདུག་གམ་ལྟ་རྒྱུ་རེད། ད་ལྟ་དོན་དངོས་ཐོག་ཐོན་ཁུངས་རྩོད་བཞིན་ཡོད།

གསར་འགོད་པ། ཅང་ཙེ་མེན་གྱིས་ཕྱི་ཚུལ་ནས་མི་རིགས་རིང་ལུགས་ཀྱི་ཀུན་སློང་བརྒྱུད་སྐུལ་བྱས་ཡོད་ཀྱང་། ཁོང་གིས་རྒྱབ་ནས་ལྐོག་ཏུ་ཨུ་རུ་སུ་དང་ལྷན་དུ་གསང་བའི་གྲོས་ཆོད་བཞག་སྟེ། རྒྱལ་ཁབ་ཀྱི་ས་ཆ་ཆེན་པོ་ཨུ་རུ་སུ་ལ་སྤྲད་ཡོད། དེའི་སྐོར་ཁྱོད་ཀྱིས་མཁྱེན་གྱི་ཡོད་དམ།

ལཱོ་ཡུ། དེ་ནི་ཨུ་རུ་སུས་ཆིངས་ཡིག་ཚུར་ཁྱེར་ཡོང་བ་དང་། སྟབས་ལེགས་པ་ཞིག་ལ་ཨུ་རུ་སུ་ལ་ད་དུང་མང་གཙོ་ཅུང་ཟད་ཡོད་པའི་རྒྱུ་མཚན་གྱིས། ཆིངས་ཡིག་ལ་ས་རྟགས་བཀོད་པའི་རྗེས་ཡོངས་གྲགས་ཐོག་ཕྱིར་ཁྱབ་བསྒྲགས་བྱས་ཏེ་རྒྱ་ནག་གི་མིས་ད་གཟོད་ཤེས་ཡོད། སྐབས་དེར་ཨུ་རུ་སུས་ཁྱབ་བསྒྲགས་བྱས་མེད་ན་རྒྱ་ནག་གི་མི་ད་དུང་མགོ་འཐོམས་ནས་སྡོད་ཡོད་རྒྱུ་རེད། ཅང་ཅེ་ཧྲི། མའོ་ཙེ་ཏུང་། ཏིན་ཞའོ་ཕིང་སོགས་སུ་གཅིག་གིས་ཀྱང་དོན་དག་དེར་ཁས་ལེན་བྱས་མེད་པ་ཞིག ཅང་ཙེ་མེན་གྱིས་ཁས་ལེན་བྱས་པར་བརྟེན་ཁོང་ལ་རྒྱལ་ཚོང་བ་ཞེས་འབོད་བཞིན་ཡོད་ལ། ཁོང་གིས་ཅིའི་ཕྱིར་ཁས་ལེན་བྱས་པ་རེད་ལབ་ན། “དྲུག་བཞིའི་དོན་རྐྱེན་”རྗེས་རྒྱ་ནག་ཧ་ཅང་ཁེར་རྐྱང་དུ་གྱུར་པ་དང་། སྐབས་དེར་ཁོང་གིས་ཨུ་རུ་སུ་དང་མཉམ་དུ་ཟླ་སྒྲིལ་གྱི་ཆེད་དུ། རྒྱ་ནག་གི་ས་ཁྱོན་དེ་ལྟར་ཆེན་པོ་ཞིག་བཅད་དེ་ཨུ་རུ་སུ་ལ་སྤྲད་ཡོད། རྒྱ་ནག་གི་མི་སུ་ཞིག་ཡིན་ནའང་དོན་དག་དེར་ཁས་ལེན་བྱ་མི་སྲིད་པ་ཞིག་རེད་ལ། སུས་ཁས་ལེན་བྱས་པ་ཡིན་ནའང་རྒྱལ་ཚོང་བ་ཆགས་པ་རེད།

སུས་ཞི་ཅིན་ཕིང་ལ་རྙོག་གྲ་བཟོ་བཞིན་ཡོད་དམ།

གསར་འགོད་པ། ང་ཚོས་རྒྱུན་ལོན་བྱུང་བ་ལྟར་ན་ཞི་ཅིན་ཕིང་ཟླ་༩ ནང་ཨ་རིར་འཚམས་གཟིགས་སུ་བསྐྱོད་པའི་སྐབས་དང་། ཁོང་འཚམས་གཟིགས་སུ་མ་བསྐྱོད་པའི་སྔོན་དེར། རྒྱ་ནག་གི་དྲ་ལམ་གསང་ཉུལ་བས་སྣང་མེད་ངང་ཨ་རིའི་དྲ་ལམ་གཏོར་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད། དེ་ནི་ཞི་ཅིན་ཕིང་རང་ཉིད་ཀྱིས་རང་ཉིད་ལ་རྙོག་གྲ་བཟོ་བ་ཞིག་རེད་དགོངས་ཀྱི་ཡོད་དམ།

ལཱོ་ཡུ། དོན་དག་དེ་བཤད་ཁག་པོ་རེད། དེའི་རིགས་ཀྱི་ཕར་རྒོལ་དེ་ཚན་རིག་རྐྱང་པའི་ངོས་ནས་བཤད་ན། དྲ་ལམ་གསང་ཉུལ་དང་གཏོར་རྒོལ་ཡོ་ཆས་ཀྱི་ཆ་རྐྱེན་ཤིན་ཏུ་འཛོམས་པོ་ཞིག་མེད་ན། ཕར་རྒོལ་བྱེད་བསམས་ཀྱང་ལས་སླ་མོ་ཞིག་ག་ལ་ཡིན། ཕར་རྒོལ་བྱ་བར་ངེས་པར་དུ་ཡོ་ཆས་ཧ་ཅང་ཆེན་པོ་དགོས་ཀྱི་ཡོད། དེ་ལྟ་བུའི་ཡོ་ཆས་ཆེན་པོ་ཡོད་མཁན་ནི་སྲིད་གཞུང་ཆགས་ཡོད། དྲ་ཐོག་ཏུ་དེ་འི་རིགས་ཀྱི་བྱ་སྤྱོད་སྐོར་ཆེད་དུ་བགྲོ་གླེང་བྱས་པའི་རྩོམ་ཡིག་ཀྱང་འདུག་ལ། དེ་ནི་མི་སྒེར་གྱི་བྱ་སྤྱོད་ཅིག་མ་ཡིན་པར་སྲིད་གཞུང་གི་བྱ་སྤྱོད་ཡིན་པའི་ངོས་འཛིན་བྱས་འདུག ད་ལྟ་རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་གྱིས་ང་ཚོས་བྱས་པ་ཡིན་ཞེས་བརྗོད་ཡོད་པ་མ་རེད་དམ། རྒྱ་ནག་ནས་བྱུང་པ་ཡིན་པའི་དབང་དུ་བཏང་ནའང་དྲ་ལམ་གསང་ཉུལ་བ་ཡིན་པ་ལས་སྲིད་གཞུང་གི་བྱ་སྤྱོད་མ་རེད་ཟེར། མི་ཚོས་དྲ་ལམ་གསང་ཉུལ་བར་དེ་ལྟ་བུའི་ཡོ་ཆས་ཀྱི་ཆ་རྐྱེན་འཛོམས་ཀྱི་མེད་ཅེས་བརྗོད། གང་ལྟར་ཡང་རྒྱ་ནག་གི་མིའི་བྱེད་ལས་ཤིག་རེད། དེ་འདྲ་སོང་ཙང་། ཀུན་གྱིས་ཞི་ཅིན་ཕིང་རང་གིས་རང་ལ་རྙོག་གྲ་བཟོ་མི་སྲིད་པའི་ངོས་འཛིན་བྱེད་བཞིན་ཡོད་ལ། རང་ཉིད་ཀྱིས་རང་ཉིད་ལ་རྙོག་གྲ་བཟོ་བའི་གནས་ལུགས་ཤིག་གང་ན་ཡོད་དམ།

གསར་འགོད་པ། འོ་ན། ཁོང་ལ་སུས་རྙོག་གྲ་བཟོ་བཞིན་པ་རེད་དམ།

ལཱོ་ཡུ། དེ་ནི་ཁོང་ལ་རྙོག་གྲ་བཟོ་མཁན་གྱིས་རྙོག་གྲ་སློང་བཞིན་པ་རེད་ལ། ཁོང་མང་གཙོའི་ལམ་དུ་བསྐྱོད་པར་འགོག་རྐྱེན་བཟོ་མཁན་གྱི་མི་ཡིན་རྒྱུ་རེད། འོན་ཀྱང་། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་སྐོར་ངས་རྩོམ་ཡིག་ནང་དུ་བྲིས་པ་ལྟར། རྒྱ་ནག་ནི་སྲིད་དབང་སྒེར་འཛིན་ལམ་ལུགས་ཡིན་པ་མ་ཟད། འཛམ་གླིང་ཐོག་ཆེས་ཆེ་བའི་སྲིད་དབང་སྒེར་འཛིན་ལམ་ལུགས་ཤིག་རེད། དེར་བརྟེན་མིག་སྔའི་བར་ཨ་རིས་མང་གཙོའི་རྒྱལ་ཁབ་ནང་བཞིན་རྒྱ་ནག་ལ་ལྟ་སྟངས་འཛིན་མི་སྲིད། ཨ་རི་ལ་གཞི་རྩའི་རྩ་འཛིན་ཞིག་ཡོད་པ་དང་། རྒྱ་ནག་ནི་སྲིད་དབང་སྒེར་འཛིན་ལམ་ལུགས་རེད།

གསར་འགོད་པ། ཅིའི་ཕྱིར་གནས་ཚུལ་དེ་ལྟ་བུའི་རིགས་ལ་འགལ་ཟླའི་རྣམ་པ་མངོན་པ་ཡིན་ནམ། ཁྱོད་རང་གི་ངོས་ནས་བལྟས་པ་ཡིན་ན་རྒྱ་ནག་སྐམ་སར་ད་དུང་དེའི་རིགས་ཀྱི་གནས་ཚུལ་མཐོང་རྒྱུ་འདུག་གམ།

ལཱོ་ཡུ། ཧ་ཅང་མང་པོ་རེད། ཉེན་རྟོག་ཁང་གཅིག་གིས་གཱོ་ཡུ་(འགྱུར་མཆན། མང་གཙོ་དོན་གཉེར་བ་)གློད་གྲོལ་བཏང་པའི་རྗེས་ཡང་ཉེན་རྟོག་ཁང་གཞན་ཞིག་གིས་གཱོ་ཧྤན་ཞུང་འཇུ་བཟུང་བྱས།

གསར་འགོད་པ། སུས་འཇུས་པ་དང་སུས་གློད་པའི་ངོས་འཛིན་གནང་གི་ཡོད།

ལཱོ་ཡུ། དེ་དག་ཚང་མ་ཀྲུའུ་ཡོང་ཁང་ཤོག་ཁག་ནང་གི་མི་རེད། སུས་གློད་པ་དང་སུས་འཇུ་ཐུབ་ཀྱི་ཡོད། དེ་དག་ཡོངས་རྫོགས་སྤྱི་བདེ་ལས་ཁུངས་ཀྱི་མི་དག་མ་རེད་དམ།

ཁོང་གཉིས་ཀྱིས་ཁྲིམས་འགལ་གང་ཡང་མ་བྱས་པར་ཅིའི་ཕྱིར་འཇུ་བཟུང་བྱས་པ་རེད། ད་ལྟ་ཞི་ཅིན་ཕིང་གི་མཇུབ་མོ་བཅུས་འབུ་ཨ་ཚག་ཚག་པ་བཅུ་གནོན་ཐུབ་མེད་པ་དང་། ཕྱོགས་གཅིག་ལ་ལྟ་ཐུབ་ན་ཕྱོགས་གཞན་ཞིག་ལྟ་མི་ཐུབ་པ་སོགས་བྱུང་གི་ཡོད་ལ། དོན་དག་ཆེན་པོར་ཁོང་གིས་ལྟ་ཐུབ་ཀྱི་ཡོད་རུང་ཆུང་ངུའི་རིགས་ལ་ལྟ་ཐུབ་ཀྱི་མེད།

མུ་འགོད།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 6

Leave a Reply