དཔོན་གནས་ཉོ་ཚོང་ནི་ཧུ་དུས་སྐབས་མཇུག་བསྡུ་བའི་མཚོན་རྟགས་སུ་གྱུར།

1512151953152737རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་མའོ་ཙེ་ཏུང་གི་བློས་ཐུབ་གྲོགས་པོ་དང་སྲིད་བློན་གཞོན་པ་ཟུར་པ་ལཱོ་རུན་ཆིན་གྱི་བུ་ལཱོ་ཡུ་ཡིས་དེ་སྔར་རྒྱ་ནག་སྤྱི་ཁྱབ་དྲག་ཇུས་ལས་ཁུངས་སུ་ཕྱག་ལས་གནང་ཞིང་མདའ་དཔོན་གྱི་དམག་ས་ཐོབ་མྱོང་། དྲུག་བཞིའི་དོན་རྐྱེན་རྗེས་རྒྱ་ནག་དམག་ཁོངས་ཀྱི་རུལ་སུངས་ནང་དུ་ངན་པ་ལག་འབྲེལ་བྱ་མ་འདོད་པར་རྒྱ་ནག་དམར་ཤོག་ཚོགས་པ་དང་ཁ་བྲལ་ཏེ་ཕྱི་རྒྱལ་དུ་འབྱོར། མི་རིང་བའི་སྔོན་ཁོང་གིས་རང་ཉིད་དང་ལས་དབང་གཅིག་པའི་དམག་ཤོག་མི་རབས་གཉིས་པ་སྲིད་འཛིན་ཞི་ཅིན་ཕིང་ལ་ཕུལ་བའི་ཡོངས་གྲགས་ཀྱི་འཕྲིན་ཡིག་ཅིག་བྲིས་ཏེ། སྲིད་དབང་སྒེར་གཅོད་ལམ་ལུགས་མཇུག་བསྡུས་ཏེ་མང་གཙོའི་ལམ་དུ་བསྐྱོད་དགོས་པའི་འབོད་སྐུལ་བྱས་ཡོད། ཉེ་ཆར་ཕྱིའི་བརྒྱུད་ལམ་ཁག་ཅིག་གིས་ལཱོ་ཡུ་ལ་བཅར་འདྲི་བྱས་པའི་ཚན་པ་ཁག་ཅིག་ལས། འདིར་སྔོན་མའི་འཕྲོས་ཀྱི་མུ་འབྲེལ་ལེའུ་གཉིས་པའི་ནང་ལཱོ་ཡུ་ཡིས་རྒྱ་ནག་དཔུང་དམག་གི་རུལ་སུངས་དང་རྫུན་བཟོ། དམག་ཁོངས་ཀྱི་རུལ་རྒོལ་དང་“དབང་པོ་གསོན་ལེན”་སོགས་རྒྱ་གཞུང་ལ་ཚོར་ཤུགས་རྣོ་བའི་བརྗོད་གཞིའི་ཐོག་གླེང་མོལ་བྱས།

དཔོན་གནས་ཉོ་ཚོང་ནི་ཧུ་དུས་སྐབས་མཇུག་བསྡུ་བའི་མཚོན་རྟགས་སུ་གྱུར།

གསར་འགོད་པ། ཁྱོད་རྒྱ་ནག་སྐམ་ས་དང་ཁ་བྲལ་ཏེ་ཕྱི་རྒྱལ་དུ་ཐོན་དགོས་བྱུང་པ་ནི་“དྲུག་བཞིའི་”དུས་སྐབས་སུ་དམག་ཁོངས་ཀྱི་རུལ་སུངས་དངོས་སུ་མཐོང་པའི་རྐྱེན་གྱིས་རེད། འོན་ཀྱང་སྐབས་དེར་དབང་ཆ་ཡོངས་རྫོགས་ཏིན་ཞའོ་ཕིང་གི་ལག་ཏུ་ཡོད་པ་དང་། ཅང་ཙེ་མེན་གྱིས་སྲིད་དབང་བཟུང་བའི་སྐབས་དང་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྔོན་ཅང་ཙེ་མེན་གྱིས་དམག་གི་དབང་ཆ་སྟངས་འཛིན་བྱེད་པའི་སྐབས་དེར། དཔུང་དམག་ནང་གི་རུལ་སུངས་ཀྱི་ཚད་དེ་ཇི་ལྟ་བུ་ཞིག་ཏུ་སླེབས་ཡོད། དེའི་སྐོར་ཁྱོད་ལ་རྒྱུས་མངའ་ཡོད་དམ།

ལཱོ་ཡུ། སྐབས་དེར་ང་དམག་སྒར་དུ་ཡོད་པའི་དུས་ལས་ཀྱང་ཧ་ཅང་སྡུག་ཏུ་ཕྱིན་ཡོད། ང་ཡོད་པའི་སྐབས་སུ་ད་དུང་དཔོན་གནས་ཉོ་འཚོང་གི་སྐད་ཆ་མེད་པར་དམག་གི་གོ་མཚོན་ཉོ་འཚོང་སྐབས་བར་ནས་ཁེ་སོང་ཟ་བ་ཙམ་ལས། སྒོར་མོ་ཁྲི་སྟོང་ག་ཚོད་ཀྱིས་དམག་དཔོན་གྱི་གོ་གནས་ཉོ་ཐུབ་པའི་སྐད་ཆ་བཤད་དགོས་པའི་ཚད་ལ་སླེབས་མེད། རྒྱ་ནག་གི་ལོ་རྒྱུས་ལ་གཅིག་ལྟོས་དང་། དཔོན་རིགས་དེ་དག་གི་མིང་ལ་དཔོན་དབང་སྲིད་གཞུང་ལམ་ལུགས་ཟེར། གཞུང་གི་དཔོན་གནས་ཉོ་འཚོང་གི་ཚད་གཞི་རུ་སླེབས་པ་ཡིན་ན་ཚར་ཚར་པ་རེད། རྒྱལ་རབས་གཅིག་ཉམ་རྒུད་དུ་གྱུར་པའི་སྐབས་དཔོན་གནས་ཉོ་འཚོང་ནི་མཚོན་རྟགས་སུ་གྱུར་ཡོད།

གསར་འགོད་པ། ད་ལྟ་ཞི་ཅིན་ཕིང་གིས་དམག་ཁོངས་ཀྱི་རུལ་སུངས་རྩ་མེད་བཟོ་བཞིན་པ་དང་། ང་ཚོས་རྒྱུས་ལོན་བྱུང་བ་ལྟར་ན་ད་ལྟའི་བར་དམག་དཔོན་༤༧ ཙམ་འཇུ་བཟུང་བྱས་ཟིན་ཡོད་འདུག ཁྱོད་ཀྱིས་དམག་ཕྱོགས་ཀྱི་རུལ་རྒོལ་ལ་ཇི་ལྟར་ལྟ་རྒྱུ་ཡིན།

ལཱོ་ཡུ། དམག་ནང་གི་རུལ་རྒོལ་དང་དམར་ཤོག་ནང་གི་རུལ་རྒོལ། སྲིད་གཞུང་ནང་གི་རུལ་རྒོལ་ནི་ཁ་འབྲལ་ཐབས་མེད། དམག་དཔོན་ག་ཚོད་ཅིག་གནས་དབྱུང་བཏང་པ་ཡིན་ནའང་ཡག་པོ་རེད་ལ། སྟག་རྒན་ཆེ་ཆུང་བརྒྱ་ལྷག་འཇུས་པ་དེའང་ཡག་པོ་རེད། ཡིན་ནའང་གོ་གནས་ཕབ་པ་དང་འཇུ་བཟུང་བྱས་པའི་ལམ་ནས་དོན་དམ་པའི་གནད་དོན་ཀྱི་རྩ་བ་ངོ་མ་ཐག་གཅོད་བྱ་མི་ནུས། རྒྱུ་མཚན་དེའི་ཕྱིར་ངས་ད་གཟོད་ཞི་ཅིན་ཕིང་ལ་ཁྱོད་ཀྱིས་ད་ལྟ་རུལ་སུངས་འགོག་རྒོལ་བྱེད་བཞིན་ཡོད། འོན་ཀྱང་རུལ་སུངས་ཀྱི་དྲིས་མ་འགོས་པའི་དཔོན་པོ་ག་ཚོད་ཙམ་ཡོད་དམ། ཁ་ཤས་ཤིག་ཡོད་སྲིད་རྒྱུ་རེད་དེ་གཙོ་ཆེ་བ་དང་ཕལ་ཆེ་ཤོས་རུལ་སུངས་བ་རེད། ཁྱོད་ཀྱིས་མི་དེ་དག་ཐམས་ཅད་རྩ་རྫོགས་བྱ་མི་རུང་། དེ་ལྟར་བྱས་པ་ཡིན་ན་དཔོན་དབང་སྲིད་གཞུང་ལམ་ལུགས་འདི་ཡང་མེད་པར་གྱུར་པ་མ་ཡིན་ནམ་ཅེས་བརྗོད་པ་ཡིན།

མང་གཙོ་ཅན་ནི་རུལ་རྒོལ་གྱི་ཐབས་ལམ་ཁོ་ན་ཡིན།

གསར་འགོད་པ། ཁྱོད་ཀྱིས་དེབ་ནང་དུ་རུལ་རྒོལ་སྐོར་དམར་ཤོག་ཚོགས་མི་ཚང་མ་རུལ་པ་རེད་ཟེར་བ་ཡིན་ནམ།

ལཱོ་ཡུ། དམར་ཤོག་ཚོགས་མི་ཚང་མ་མ་རེད། དཔོན་པོ་ཚང་མ་རེད།

གསར་འགོད་པ། དམར་ཤོག་དཔོན་རིགས་ཚང་མ་རུལ་ཟིན་པ་ཡིན་པའི་རྒྱུ་མཚན་གྱིས། རུལ་རྒོལ་ནི་དམར་ཤོག་ལ་རྒོལ་བ་ཞིག་རེད་ཟེར་བའི་དོན་ཡིན་ནམ།

ལཱོ་ཡུ། རུལ་རྒོལ་ནི་དམར་ཤོག་ལ་རྒོལ་བ་ཞིག་རེད་ཅེས་པ་དེ་ངས་བཤད་པ་རེད། མི་དམངས་མང་ཚོགས་ཀྱིས་དེ་ལྟར་བཤད་པ་རེད། དེར་བརྟེན་དོན་དམ་པའི་རུལ་སུངས་ཀྱི་གནད་དོན་ཐག་གཅོད་བྱ་དགོས་ན། དམར་ཤོག་ནང་ཁུལ་གྱི་རུལ་སུངས་ཡིན་ནའང་འདྲ། དམག་དཔུང་ནང་ཁུལ་གྱི་རུལ་སུངས་ཡིན་ནའང་འདྲ། ཐབས་ལམ་གཅིག་ཁོ་ན་ཡོད་པ་ནི། གོ་རིམ་ལྡན་པ་དང་ཉེན་ཁ་མེད་པའི་ཐོག་ནས་མང་གཙོ་ཅན་གྱི་ལམ་དུ་བསྐྱོད་པ་དང་། མི་དམངས་མང་ཚོགས་ཀྱི་ལྟ་རྟོག་ཡོད་པ། གསར་འགྱུར་བརྒྱུད་ལམ་གྱི་ལྟ་རྟོག་ཡོད་པ་ཡིན་ན། སུས་ད་དུང་ལྐོག་ཟ་རུལ་སུངས་བྱེད་ཕོད་དམ།

གསར་འགོད་པ། ཁྱོད་ཀྱིས་མང་གཙོ་ཅན་གྱི་སྐོར་བཤད་པ་རེད། ཡིན་ནའང་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་ཕྱིར་ལྟས་ཤིག་བྱས་པ་ཡིན་ན། ང་ཚོས་མཐོང་ཐུབ་པ་ནི་དམག་ནང་ཁུལ་དུ་ཏིན་ཞའོ་ཕིང་གིས་བཤད་པ་ནི་ཁོང་རང་ཉིད་ཀྱི་མི་དམག་ས་ཨང་གཉིས་པ་རེད། མཱའོ་ཙེ་ཏུང་གིས་བཤད་པ་ནི་དམག་ས་ཨང་དང་པོ་རེད། དེའི་རྗེས་ཅང་ཙེ་མེན་གྱིས་“ཁུ་སིམ་མེར་ཕྱུག་པོ་ཆགས་པའི་”ལམ་ནས་རུལ་སུངས་ཀྱི་དཔོན་པོ་ཧ་ཅང་མང་པོ་ཡར་འཐེན་ཡོད། དེས་ན་ཞི་ཅིན་ཕིང་གིས་ཇི་ལྟར་བྱ་ཡི་རེད་དགོངས་ཀྱི་ཡོད་དམ།

ལཱོ་ཡུ། རུལ་རྒོལ་ཐུབ་པའི་ཐབས་ཤེས་གཅིག་ཁོ་ན་ཡོད་པ་ནི་མང་གཙོ་ཅན་རེད། རུལ་རྒོལ་ལ་མི་བརྗེ་སྒྱུར་བྱ་དགོས་ཀྱི་ཡོད། གལ་སྲིད་ཁྱོད་ལ་མི་མེད་ན་བརྗེ་སྒྱུར་ཇི་ལྟར་བྱ། ད་ལྟ་ཞི་ཅིན་ཕིང་ལ་འཕྲད་པའི་གནད་དོན་ཆེ་ཤོས་གཅིག་ནི་མི་མེད་པ་དེ་ཡིན། དེའི་ཕྱིར་གོ་རིམ་ལྡན་པའི་ཐོག་ནས་མང་གཙོའི་ལམ་དུ་བསྐྱོད་རྒྱུ་དེ་རེད། གོམ་སྟོབས་ཧ་ཅང་ཡང་ཆེ་མི་རུང་ལ། མདོར་ན་གོ་རིམ་ལྡན་པའི་ཐོག་ནས་མང་གཙོའི་ལམ་དུ་བསྐྱོད་པ་ཡིན་ན། དཔོན་རིགས་ཀྱིས་ད་གཟོད་ལྐོག་ཟ་རུལ་སུངས་བྱ་མི་ཕོད།

གཞི་རྒྱ་ཆེ་བའི་དབང་པོ་གསོན་ལེན་གྱི་ལས་གཞི།

གསར་འགོད་པ། ༡༩༩༨ ལོར་ཅང་ཙེ་མེན་གྱིས་“དམག་དཔུང་ཚོང་ལས་ལ་ཞུགས་མི་ཆོག་པའི་”གཏན་འབེབས་བཟོས་པ་དང་། དེའི་རྗེས་སུ་འདི་ལོའི་ཕྱི་ཟླ་༡༡ པའི་ནང་ཞི་ཅིན་ཕིང་གིས་བསྐྱར་དུ་“དཔུང་དམག་གླ་ཡོད་ཞབས་ཞུའི་(ལས་རིགས་)ནང་ཞུགས་མི་ཆོག་”པའི་གཏན་འབེབས་བཟོས། དེའི་སྐོར་ཁྱོད་ལ་དགོངས་ཚུལ་ཅི་ཡོད། ཅང་ཙེ་མེན་གྱིས་སྐབས་དེར་“གླ་ཡོད་ཞབས་ཞུ་”ཡི་རྔ་མ་མེད་པར་མ་བཟོས་རྒྱུ་མཚན་ཅི་ཡིན།

ལཱོ་ཡུ། ཁོང་གིས་རྔ་མ་བསྐྱུར་བའི་རྒྱུ་མཚན་གཙོ་བོ་ནི་དཔུང་དམག་གི་རྒྱུ་ནོར་གྱི་ལམ་བུ་མ་བཅད་པ་ཙམ་ཡིན།

གསར་འགོད་པ། ཁོང་གི་རྒྱུ་ནོར་གྱི་ལམ་བུ་ཇི་ལྟ་བུ་ཞིག་ཡིན་ནམ།

ལཱོ་ཡུ། ཁོང་གི་རྒྱུ་ནོར་གྱི་ནོར་བུ་ནི་གླ་ཡོད་ཞབས་ཞུ་རེད།

གསར་འགོད་པ། ཞིབ་ཕྲ་ཙམ་གསུངས་ན་འགྲིག་གམ།

ལཱོ་ཡུ། དབང་པོ་གསོན་ལེན་དང་དབང་པོ་བརྗེ་སྤོ་ཚང་མ་གླ་ཡོད་ཞབས་ཞུ་རེད། མི་དེ་ལྟར་མང་པོ་ཞིག་གི་དབང་པོ་བརྗེ་སྤོ་བྱས་པ་ནི། ས་གནས་སུ་མཁོ་སྤྲོད་བྱེད་པའི་ཞབས་ཞུ་མ་རེད་དམ། དེར་བརྟེན་ཁོང་ལ་རྒྱུ་ནོར་གྱི་ལམ་བུ་ཡོད་པ་ཡིན།

གསར་འགོད་པ། གླ་ཡོད་ཀྱི་དབང་པོ་བརྗེ་སྤོའི་གནས་ཚུལ་འདི་ཁྱོད་ཀྱིས་གང་ནས་ཤེས་རྟོགས་བྱུང་བ་ཡིན་ནམ།

ལཱོ་ཡུ། དྲ་ལམ་ནས་མཐོང་བྱུང་། དེ་སྔར་རྒྱ་གཞུང་གིས་བཀག་ཉར་བྱས་མྱོང་བའི་ཆོས་འཁོར་སྒོམ་སྒྲུབ་པ་ཁ་ཤས་གློད་གྲོལ་བཏང་པའི་རྗེས་གསང་བ་ཕྱིར་བརྟོལ་བྱས་ཡོད། ཁོང་ཅག་བཙོན་ཁང་དུ་ཡོད་པའི་སྐབས་རྒྱུན་མ་ཆད་པར་གཟུགས་པོ་ལ་བརྟག་དཔྱད་ཡང་ཡང་བྱས་པ་སོགས་ལས་ཀྱང་། ལས་ཀ་དེ་བྱེད་བཞིན་ཡོད་པ་ནི་ཧ་ཅང་གསལ་པོ་བསྟན་པ་དང་། ད་དུང་མི་གཞན་ཁག་ཅིག་རྒྱུ་མེད་རྐྱེན་མེད་ངང་གར་སོང་ཆ་མེད་དུ་གྱུར་ཡོད། དེ་ལ་འགྲེལ་བཤད་ཅི་ལྟར་རྒྱག་དགོས་སམ།

སྔོན་མ་རྒྱ་ནག་དམར་ཤོག་ཚོགས་པས་སྲོག་ཐོག་བཙོན་པའི་དབང་པོ་བརྗེ་སྤོ་བྱེད་བཞིན་ཡོད་སྐོར་བརྗོད་པ་དང་། དེའི་རྗེས་སུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། དེ་ནི་འཇིགས་སུ་རུང་བའི་སྐྱོན་བརྗོད་དང་དམའ་འབེབས་ཤིག་ཡིན་སྐོར་བརྗོད་ཡོད་ཀྱང་། མི་རུང་བའི་རྗེས་ཧྥང་ཅེ་ཧྥུ་(འགྱུར་མཆན། རྒྱ་ནག་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཟུར་པ) ཡིས་དངོས་སུ་ཁས་ལེན་བྱས་ཡོད་ལ། དབང་པོ་བརྗེ་སྤོ་བྱ་ཡུལ་གཙོ་བོ་སྲོག་ཐོག་བཙོན་པ་ཡིན་པ་དང་ལོ་རེའི་ཡོང་འབབ་ཆེས་མང་ཤོས་དེ་རྒྱ་སྒོར་ཁྲི་སྟོང་ཕྲག་གཉིས་གསུམ་ཙམ་ཡིན་སྐོར་བརྗོད་ཡོད། ང་ཚོས་དེའི་སྐོར་མི་བཤད། ཁྱོད་ཀྱིས་སྲོག་ཁྲིམས་བཙོན་པ་བེད་སྤྱོད་བྱེད་པ་ཁོ་རང་ཁྲིམས་འགལ་རེད། ཧྥང་ཅེ་ཧྥཱུ་ཡིས་ཁོང་རང་ཉིད་ཀྱིས་ཀྱང་བཤད་མི་ཤེས་པ་ཞིག་རེད་ཅེས་པ་ནང་བཞིན། ཁྱོད་རང་ཉིད་ཀྱིས་དབང་པོ་བརྗེ་སྤོའི་བཤག་བཅོས་ཕྱིར་བསྒྲགས་བྱས་ཏེ། ལོ་རེའི་ཡོང་འབབ་མཐོ་ཤོས་རྒྱ་སྒོར་ཁྲི་སྟོང་ལ་བརྒལ་ཡོད་ན། ཁྱོད་ཀྱིས་དབང་པོ་དེ་དག་གང་ནས་ཁུར་ཡོང་བ་ཡིན་ནམ། རྒྱུ་མཚན་དེ་དག་བརྟེན་ནས་ཁ་ཎ་ཌའི་མི་གཉིས་ཀྱིས་གནས་ཚུལ་དེའི་རིགས་འཕྲད་མྱོང་མཁན་དག་ལ་ཞིབ་འཇུག་བྱས་ཏེ་དེབ་ཅིག་བྲིས་པ་དང་། འཛམ་གླིང་ཐོག་ཡོངས་སུ་ཁྱབ་བསྒྲགས་བྱས་ཡོད།

གསར་འགོད་པ། གནས་ཚུལ་དེའི་རིགས་ཚང་མ་ཅང་ཙེ་མེན་གྱིས་དཔུང་དམག་སྟངས་འཛིན་བྱེད་པའི་སྐབས་སུ་བྱུང་ཡོད་དམ།

ལཱོ་ཡུ། རེད། གང་ལྟར་ཡང་དྲ་ཐོག་ཏུ་ད་ལྟའང་དེའི་རིགས་མཚམས་འཇོག་བྱས་མེད་སྐོར་བརྗོད། ཡིན་ནའང་ཅང་ཙེ་མེན་གྱི་དུས་སྐབས་ནང་བཞིན་ཧམ་ཤེད་ཚ་བོ་ཡོད་རྒྱུ་མ་རེད། ད་ལྟ་དེའི་རིགས་ཡིབ་ཙམ་སྦས་ཙམ་བྱས་པ་དང་། ཧྥང་ཅེ་ཧྥུ་ཡིས་ནག་ཉེས་དེ་ཀྲུའུ་ཡོང་ཁང་གི་མགོ་རུ་གཡོགས་བསམས་ཡོད་ཀྱང་། ཀྲུའུ་ཡོང་ཁང་གི་ནག་ཉེས་ཞུ་གཏུག་ཡི་གེའི་ནང་ནག་ཉེས་དེ་ཚུད་མེད། དེར་བརྟེན་ཞི་ཅིན་ཕིང་གིས་གནས་ཚུལ་མི་ཤེས་པ་གཏན་ནས་མི་སྲིད་ཅིང་། ཞི་ཅིན་ཕིང་ལ་གནད་དོན་དེ་ཐག་གཅོད་བྱ་འདོད་ཡོད་རུང་། ད་ལྟ་མདུན་དུ་གོམ་གང་སྤོས་ཏེ་ཡང་བསྐྱར་ཕྱིར་ནུར་བྱས་པ་ནང་བཞིན་སྡོད་ཡོད།

གསར་འགོད་པ། ཞི་ཅིན་ཕིང་ལ་འགོག་རྐྱེན་གྱི་གནོན་ཤུགས་དེ་གང་ནས་སླེབས་པ་རེད་དགོངས་ཀྱི་ཡོད་དམ།

ལཱོ་ཡུ། དེ་ནི་མ་རབས་ཐ་ཤལ་གྱི་ལས་ཀ་བྱེད་མཁན་ཚང་མའི་སར་ནས་སླེབས་པ་རེད། མི་གཞན་གྱི་དབང་པོ་བཀོག་སྟེ་ཕྱིར་འཚོང་བྱས་པའི་སྒྲིག་འཛུགས་ཀྱི་མི་ཆ་ཚང་ཚུད་ཡོད། གང་ལགས་ཤེ་ན། ཁོང་ཚོས་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པ་ཤེས་བཞིན་ཡོད། ད་ལྟ་གལ་ཏེ་ཞི་ཅིན་ཕིང་གིས་གནད་དོན་དེ་ཕྱིར་བཏོན་པ་ཡིན་ན། ལས་ཀ་དེའི་ནང་ཚུད་པའི་མི་ཡོངས་རྫོགས་ཉེས་ཅན་པ་ཆགས་ཚར་པ་ཡིན་པས། འགོག་རྐྱེན་གྱི་གནོན་ཤུགས་ཡོད་པ་བཤད་མི་དགོས་ཤིང་། དེ་ནི་མི་གཅིག་དང་གཉིས་ཀྱི་བྱ་སྤྱོད་ཙམ་མ་ཡིན་པར་སྒྲིག་འཛུགས་དང་མ་ལག་རང་བཞིན་ཞིག་ཆགས་ཡོད། གལ་ཏེ་དེ་ལྟ་བུའི་མ་ལག་ཅིག་མེད་པ་ཡིན་ན་སུས་དབང་པོ་བརྗེ་སྤོ་བྱ་ཐུབ་བམ། ཐོག་མར་ལས་བྱེད་མི་སྣ་བཙོན་ཁང་དུ་བསྐྱོད་དེ་དབང་པོ་འཕྲོད་མིན་བརྟག་དཔྱད་བྱས་པའི་རྗེས། མི་གཞན་གྱི་དབང་པོ་བཀོག་སྟེ་ཕྱིར་འཚོང་བྱས་པ་ནི་གཞི་རྒྱ་ཆེ་བའི་ལས་གཞི་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་དང་སྲིད་གཞུང་གཅིག་གི་བྱ་སྤྱོད་ཅིག་ཆགས་ཡོད།

རྒྱ་ནག་ཏུ་རྫུན་བཟོ་ཡིས་ཁྱབ་པ།

གསར་འགོད་པ། ཁྱོད་རྒྱ་ནག་སྐམ་སའི་དཔུང་དམག་གི་སྤྱི་ཁྱབ་དྲག་ཇུས་ལས་ཁུངས་ཡོད་པའི་སྐབས། ཁྱོད་ཀྱིས་གོ་མཚོན་ཁང་དུ་ལས་ཀ་བྱེད་པ་རེད། དུས་སྐབས་དེར་ཁྱོད་ཀྱང་རྒྱ་ནག་དམར་ཤོག་གི་གོ་མཚོན་ཉོ་སྒྲུབ་ཁ་ཤས་ནང་ཞུགས་མྱོང་ཡོད་རྒྱུ་རེད། ཁྱོད་རང་ཉིད་ལ་རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་ནག་གི་གོ་མཚོན་ཡོ་ཆས་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གོ་མཚོན་ཡོ་ཆས་བར་ཁྱད་པར་ཆེན་པོ་འདུག་གམ།

ལཱོ་ཡུ། སྤྱིར་བཏང་གནས་སྟངས་འདི་ཧ་ཅང་གསལ་པོ་རེད། ངས་དཔེར་མཚོན་གཅིག་བཞག འཁྲུལ་འཁོར་ཨ་མའི་(engine) སྐོར་བཤད་ན། རྒྱ་ནག་གིས་ཨི་ཟི་རིལ་གྱི་སེང་ཕྲུག་གིས་འཆར་འགོད་བྱས་པའི་མཉེན་ཆས་ཉོས་པ་རེད། ང་ཚོས་ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་“ཅེ་ཧྲི”་ཨི་ཟི་རལ་གྱིས་འཆར་འགོད་བྱས་པ་རེད། ཡིན་ནའང་ཨི་ཟི་རལ་གྱི་སྒོར་མོ་ཨ་རིའི་སྟངས་འཛིན་འོག་ཡོད་པས་རྗེས་སུ་ཨ་རིས་མཚམས་འཇོག་བྱ་རུ་བཅུག་ཡོད།

རྒྱ་ནག་གི་ཉོས་པའི་མཉེན་ཆས་ཀྱིས་འཆར་འགོད་བྱས་པའི་“ཅེ་ཧྲི”་ F16 ཨ་རི་དང་ཨི་ཟི་རལ་གྱིས་ཅུང་ཡག་གྲས་ཤིག་ལ་ཆ་འཇོག་བྱས་པ་དང་། ང་དམག་ནས་ཐོན་པའི་སྐབས་ད་གཟོད་འཕུར་ཐུབ་པ་བྱུང་། དེའི་ཕྱིར་ཉུང་མཐར་ཡང་ལོ་སུམ་ཅུས་རྗེས་སུ་ལུས་ཡོད།

གསར་འགོད་པ། རྒྱ་ནག་གཞུང་ཧ་ཅང་ཁ་སྐྱེངས་དགོས་པའི་གནས་ཚུལ་ཞིག་ནི། འདི་ལོའི་ཨུ་རུ་སུའི་རྒྱལ་ཁའི་དམག་ཤོམ་ཉིན་མོར། རྒྱ་ནག་གི་99A དམག་འཐབ་ལྕགས་འཁྲབ་འཁོར་ལོ་གཙོ་བོ་ལ་སྐྱོན་ཤོར་བའི་གནས་ཚུལ་བྱུང་ཡོད། གནས་ཚུལ་དེ་ཁྱོད་ཀྱིས་གོ་ཐོས་བྱུང་ངམ། དེའི་སྐོར་དགོངས་ཚུལ་ཅི་ཡོད།

ལཱོ་ཡུ། རྒྱ་ནག་གི་སྤུས་ཀའི་གནད་དོན་ག་ས་གང་དུ་ཡོད་པ་མ་ཟད། ད་ལྟ་ལྕགས་འཁྲབ་འཁོར་ལོའི་སྟེང་དུའང་ཁྱབ་ཟིན། ཀུན་གྱིས་ཤེས་གསལ་ལྟར། རྒྱ་ནག་ནང་“དཀའ་ཁག་ཆེ་བའི་དུས་སྐབས”་སུ་ཁྱོད་ཚོ་ཆུང་ཆུང་ཡིན་རྒྱུ་རེད། སྐབས་དེར་ཅ་དངོས་ཚང་མར་འཛིན་བྱང་བེད་སྤྱོད་བྱ་དགོས། ཁྱོད་ཀྱིས་སྒོ་ང་ཉོ་དགོས་ན་སྒོ་ངའི་འཛིན་བྱང་དགོས་ལ། འཛིན་བྱང་ཚང་མ་ཧ་ཅང་སྟབས་བདེ་ཡིན། ཁྱོད་ལ་འཛིན་བྱང་གཅིག་སྤྲད་ན་གཅིག་དང་གཉིས་སྤྲད་ན་གཉིས་ཡིན། སྐབས་དེར་མི་རྣམས་ཀྱི་ཀླད་པའི་ནང་རང་ཉིད་ཀྱིས་འཛིན་བྱང་དཔར་བརྒྱབ་སྟེ་བཟོ་དགོས་པའི་བསམ་བློ་གཏན་ནས་འཁོར་མྱོང་མེད། དུས་སྐབས་དེར་ཅ་ལག་ཀྱང་ཧ་ཅང་ཉུང་ཉུང་ཡིན།

ད་ལྟ་གནས་ཚུལ་དེ་ལས་ལྡོག་སྟེ། རྒྱ་ནག་གི་མིའི་བསམ་བློའི་ནང་ཐེངས་དང་པོར་ཅ་ལག་འདི་ངོ་མ་རེད་དམ་རྫུན་མ་རེད་བསམ་བཞིན་ཡོད། འདི་ནི་གཡོ་རྫུན་གྱི་བྱ་སྤྱོད་མང་དྲགས་ཏེ་སུ་དང་གང་ལའང་ཡིད་ཆེས་མེད་པའི་ཚད་ལ་སླེབས་པ་རེད།

དཔེར་ན་ངས་བྲིས་པའི་དེབ་ལྟ་བུ་ལ་མཚོན་ན། ངའི་དཔེ་དེབ་ཐོག་མར་ཐོན་ཡོང་བའི་སྐབས་སུ་གྲོགས་པོ་ཁ་ཤས་ཤིག་གིས་ང་ལ་མྱུར་འཕྲིན་བསྐུར་ཏེ་“འདི་ནི་ཁྱོད་ཀྱི་དེབ་རེད་དམ། འདི་ཁྱོད་ཀྱིས་བྲིས་པ་ཡིན་ནམ་ཟེར། དེ་ནི་ཁོང་ཚོས་མི་གཞན་གྱིས་རྫུན་བཟོ་བྱས་པ་ཡིན་མིན་ར་སྤྲོད་བྱ་བསམ་པ་རེད། ངས་བྲིས་པའི་<<སྤུན་ཆུང་ཞི་ཅིན་ཕིང་ལ་བགྲོ་བ་>> ཞེས་པའི་རྩོམ་ཡིག་ཕྱིར་སྤེལ་པའི་སྐབས། རྒྱལ་ནང་གི་གྲོགས་པོ་མང་པོས་“འདི་ཁྱོད་ཀྱིས་བྲིས་པ་ཡིན་ནམ་”ངོ་མ་རེད་དམ་ཟེར། ད་ལྟ་རྒྱ་ནག་ཏུ་སྒོ་ང་ཞིག་ཉོ་དགོས་པ་ཡིན་ནའང་ངོ་མ་དང་རྫུན་མ་ཡིན་མིན་འདྲི་སྲིད་པ་ཞིག་རེད། ཅ་ལག་གང་འདྲ་ཞིག་ཡིན་ནའང་ཐོག་མར་ཐོན་ཡོང་བའི་སྐབས་སུ་མི་ཚང་མའི་སེམས་ལ་ངོ་མ་དང་རྫུན་མའི་བསམ་བློ་འཁོར་བཞིན་ཡོད། གནས་སྟངས་འདི་འདྲ་ཅི་ལྟར་བཟོས་པ་རེད་དམ།

མུ་འགོད།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share on Facebook25Tweet about this on TwitterShare on Google+0Share on LinkedIn0Email this to someone
1 commentViews: 7