པེ་ཅིང་གི་བོད་རིག་པའི་ཆེད་མཁས་པ་ཞིག་གིས་ཀྲུའུ་ཝན་ཆོན་ལ་སྐྱོན་བརྗོད།

ཉེ་ཆར་རྒྱ་རིགས་གློག་བརྙན་འཁྲབ་སྟོན་པ་ཞིག་ཁྲི་སྟོན་དང་འབྲེལ་བའི་རྙོག་གླེང་ཤུགས་ཆེན་བྱུང་བ་བཞིན། པེ་ཅིང་དུ་གནས་བཞུགས་བོད་རིག་པའི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་རྩོམ་ཡིག་སྤེལ་ཏེ། དེང་སྐབས་བོད་ཀྱི་སྲིད་ཇུས་དབང་འཛིན་དཔོན་རིགས་ཀྲུའུ་ཝན་ཆོན་དང་ཡེ་ཞའོ་ཝན་ལ་སྐྱོན་བརྗོད་དྲག་པོ་བྱས་འདུག

རྩོམ་ཡིག་ནང་དུག་གི་ས་བོན་བཏབས་ན་དུག་གི་འབྲས་བུ་སྨིན་པ་ལྟར་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་ཀྲང་ཐེ་ལི་ཡི་ཁྲི་སྟོན་དེ་ནི་ཕྱིའི་རྣམ་པ་ཙམ་ཡིན་པ་ལས། གནད་དོན་འདིའི་རྒྱུ་རྐྱེན་གྱི་རྩ་བ་ངོ་མ་དེ་ཡེ་ཞའོ་ཝན་སོགས་ཆོས་ལུགས་དབང་འཛིན་མི་སྣར་ཐུག་ཡོད་ཅིང་། ཀྲུའུ་ཝན་ཆོན་གྱིས་ཀྲང་ཐའེ་ལི་ཡི་སྤྲུལ་རྫུན་འཁྲབ་སྟོན་བེད་སྤྱོད་དེ་མ་རུང་ཁོག་བཅུག་བྱས་ཡོད། དམར་ཤོག་ནང་ཁུལ་གྱི་དཔོན་རིགས་འགས་ཡོངས་གྲགས་ཐོག་“མི་རབས་གཉིས་པའི་མི་རིགས་སྲིད་ཇུས་”ཞེས་འབོད་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ཐོག་མར་འཛུགས་སྐབས་ཀྱི་དམར་ཤོག་དབུས་གཞུང་དང་མའོ་ཀྲུའུ་ཞི། ཀྲུའུ་ཨན་ལེ་སོགས་ཀྱིས་གཏན་འབེབས་བྱས་པའི་ཡང་དག་པའི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ལ་རྒྱལ་འགལ་བྱས་ཡོད་སྐོར་བརྗོད་འདུག

བོད་རིག་པའི་ཆེད་མཁས་པ་སྐུ་ཞབས་འཇམ་དཔལ་རྒྱ་མཚོ།

བོད་རིག་པའི་ཆེད་མཁས་པ་སྐུ་ཞབས་འཇམ་དཔལ་རྒྱ་མཚོ།

དགུང་ལོ་༧༨ ལ་ཕེབས་པའི་འཇམ་དཔལ་རྒྱ་མཚོ་ལགས་ནི་ཁམས་འབའ་ཐང་གི་མི་ཡིན་ཞིང་། རྒྱ་ནག་སྤྱི་ཚོགས་ཚན་རིག་གླིང་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་། སྤྱི་ཚོགས་ཚན་རིག་གླིང་གི་བོད་རིག་པ་ཞིབ་འཇུག་སློབ་མའི་སློབ་སྟོན་པ་ཡིན་པ་རེད། དེ་སྔར་ཁོང་གིས་ཀྲུའུ་ཨན་ལེ་སོགས་རྒྱ་ནག་དམར་ཤོག་འགོ་ཁྲིད་ཀྱི་སྐད་སྒྱུར་གནང་མྱོང་བ་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐད་སྒྱུར་ཀྱང་གནང་མྱོང་ཡོད་འདུག་ལ། པེ་ཅིང་གི་བོད་རིག་པའི་དབང་འཛིན་པ་ཡིན་པ་རེད། འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་པོད་ཕྲན་ཟིན་བྲིས་ཐོག་སྤེལ་བའི་ཀྲུའུ་ཝན་ཆོན་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་དེ་ད་དུང་ཡོད་ནའང་། ཡེ་ཞའོ་ཝན་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་དེ་དྲ་ཐོག་ནས་ནག་བསུབ་བཏང་ཟིན་པ་རེད།

འཇམ་དཔལ་རྒྱ་མཚོ་ལགས་ཀྱི་ཀྲུའུ་ཝན་ཆོན་དང་ཡེ་ཞའོ་ཝན་ལ་སྐྱོན་བརྗོད་བྱས་པའི་རྩོམ་ཡིག་ཅུང་རིང་པོ་ཡིན་པ་དང་། རྩོམ་ཡིག་རེར་ཡིག་འབྲུ་སྟོང་སྟོང་བདུན་བརྒྱད་ལྷག་ཡོད། ཀྲུའུ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་དེ་ད་དུང་པོད་ཕྲན་ཐོག་ཏུ་ལྟ་ཀློག་ཐུབ་པ་མ་ཟད་ད་ལྟའི་བར་ལྟ་ཀློག་གྲངས་ཁྲི་༡༦ བརྒལ་ཡོད་པ་དང་། རྩོམ་ཡིག་མཇུག་ཏུ་དྲ་ཉུལ་བ་ཧ་ཅང་མང་པོ་ཞིག་གིས་དཔྱད་མཆན་སྤེལ་སྟེ། ཁོང་གི་ལྟ་བ་ལ་རྒྱབ་སྐྱོར་དང་མི་རིགས་དང་ཆོས་ལུགས་ཀྱི་དབང་འཛིན་མི་སྣ་ཀྲུའུ་དང་ཡེ་སོགས་ལ་སྐྱོན་བརྗོད་བྱས་འདུག

དམར་ཤོག་དབུས་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་གཙོ་འཛིན་གཞོན་པ་ཡཱེ་ཞའོ་ཝན།

དམར་ཤོག་དབུས་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་གཙོ་འཛིན་གཞོན་པ་ཡཱེ་ཞའོ་ཝན།

ཡཱེ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ནག་བསུབ་བཏང་ཡོད་ཀྱང་རྩོམ་ཡིག་དེ་ཕྱི་ལོགས་སུ་ཁྱབ་ཟིན། ཁྱོན་ཡོངས་ནས་བལྟས་ན་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཁྲི་སྟོན་གྱི་འཁྲབ་སྟོན་དེ་བརྒྱུད་ནས་བོད་ཀྱི་ལས་དོན་དང་འབྲེལ་ཡོད་ཀྱི་ལས་བྱེད་རེ་ཟུང་ལ་སྐྱོན་བརྗོད་བྱས་པ་དང་དུས་མཚུངས། ལོ་རྒྱུས་ལ་ཕྱིར་དྲན་དང་རྒྱ་ནག་དམར་ཤོག་ཚོགས་པས་འདས་པའི་ལོ་བཅུ་ཕྲག་འགའི་རིང་ལག་བསྟར་བྱེད་པའི་བོད་ཐོག་འཛིན་པའི་སྲིད་ཇུས་དཔྱད་བརྗོད་བྱས་འདུག

ཀྲུའུ་ཝན་ཆོན་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་དེ་ཕྱི་ཟླ་༡༢ པའི་ཚེས་༡༥ ཉིན་འགོ་བརྗོད་ལ་<<བློ་མཐུན་ཀྲུའུ་ཝན་ཆོན་གྱི་ངེས་པར་དུ་སྐད་ཆ་གསལ་པོ་བཤད་དགོས། བློ་མཐུན་ཀྲུའུ་ཝན་ཆོན་གྱིས་CCTV གསར་འགོད་པ་དང་གླེང་མོལ་>> ཞེས་བཀོད། རྒྱ་རིགས་འགའི་སྤྲུལ་སྐུ་འཁྲབ་སྟོན་གྱི་གནད་དོན་ཐོག ཀྲུའུ་ཝན་ཆོན་གྱིས་CCTV གྱི་བཅར་འདྲི་དང་ལེན་བྱས་ཏེ་གླེང་མོལ་བྱས་ཡོད་པ་དང་། འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བརྗོད་པ་ལྟར་ན། ཀྲུའུ་ཡིས་བཤད་པའི་སྐད་ཆ་ནི་“སྒྲོ་བཏགས་འཇིགས་སྐུལ་དང་དོ་སྣང་བྱ་ཡུལ་ཁ་བསྒྱུར་ཐབས་ཙམ་ཡིན་པ་རེད།

འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བྲིས་པའི་རྩོམ་ཡིག་ནང་། “ཀྲུའུ་ཡིས་བརྗོད་དོན། སྤྲུལ་སྐུ་རྫུན་མས་ཁོང་ཚོའི་དངུལ་དུམ་བུ་གཅིག་བོད་ཁུལ་དུ་ཁྱེར་པའི་རྗེས། དོན་དངོས་སུ་ཡང་བསྐྱར་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་སྣ་ཚོགས་སྤེལ་བ་དང་། ཐ་ན་དངུལ་ཆ་ཤས་གཅིག་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཆེད་བཏང་པ་རེད། འཇམ་དཔལ་ལགས་ཀྱིས་“ཀྲུའུ་ཡིས་བརྗོད་པའི་ཁོང་ཚོ་ཞེས་པ་དེ་ཡང་སྙིང་སུ་ཞིག་རེད་དམ། སྐད་ཆ་འདི་ངེས་པར་དུ་གསལ་པོ་བཤད་དགོས། གནད་དོན་དེ་གོ་མེད་ཚོར་ངང་གཏན་ནས་བཞག་མི་རུང་།

འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བརྗོད་དོན། གལ་ཏེ་མི་ཡི་མིང་དང་ཁྲིམས་འགལ་གྱི་ལས་ཀ་སོགས་ཞིབ་ཕྲ་བཤད་ཡ་ཡོད་ན་ངེས་པར་དུ་བཤད་དེ་བརྩད་གཅོད་མཐིལ་ཕྱིན་བྱེད་དགོས་ཤིང་། ཐོག་མར་ཀྲུའུ་ཝན་ཆོན་ཁྱོད་རང་གིས་འདི་དང་དེ་ཞེས་མི་ཡི་མིང་བཏོན་དགོས། དེ་ལྟར་བཤད་རྒྱུ་མེད་ན་ཁྱོད་རང་གི་ལས་ཀ་འཐུས་ཤོར་དང་མགོ་སྐོར་རེད། ཡིན་ནའང་གལ་ཏེ་ཀྲུའུ་ཡིས་གཞི་མེད་སྒྲོ་བཏགས་དང་ཁུངས་མེད་ཧམ་བཤད། དོན་མེད་སྐུར་འདེབས། མི་དཀར་ལ་ཞྭ་ནག་བསྐོན་པ་ཡིན་ན། ཁྱོད་རང་ཉིད་ཀྱིས་དམའ་འབེབས་ཀྱི་ཉེས་པ་དང་སྐྱོན་འཛུགས་ཀྱི་ཉེས་པ་བསགས་ཟིན་པ་ཡིན་པས། ངེས་པར་དུ་ཁྲིམས་ལུགས་ཀྱི་འགན་ཁུར་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝན་ཆོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝན་ཆོན།

འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་། གནད་དོན་འདིའི་རྩ་བ་བླ་མ་རྫུན་མ་ཝུ་ཏཱ་རཱོང་དང་སྤྲུལ་སྐུ་རྫུན་མ་ཀྲང་ཐའེ་ལི་གཉིས་ལ་ཐུག་ཡོད་ཀྱང་། ཀྲུའུ་ཡི་གླེང་མོལ་ནང་ཝུ་དང་ཀྲང་སྐོར་ལ་སྐད་ཆ་ཚིག་གཅིག་མ་བཤད་པར། སྐད་ཆ་ཁ་བསྒྱུར་ཐེངས་གཅིག་གིས་བོད་རིགས་ས་ཁུལ་དུ་བསྒྱུར་པ་དང་། བོད་རིགས་ཀྱི་བླ་མ་དང་སྤྲུལ་སྐུའི་ཐོག་ཏུ་བསྒྱུར་ཏེ། ཁོང་ཚོ་བོད་ཁུལ་དུ་ཕྱིར་ལོག་བྱས་པའི་རྗེས་ཅིག་ཅིག་ཉིས་ཉིས་བྱས་རབས་དང་། སྐྱོན་བརྗོད་ཀྱི་ཁ་ཕྱོགས་ཐད་ཀར་བོད་རིགས་ས་ཁུལ་དུ་སྐོར་ཏེ། བོད་རིགས་ཀྱི་བླ་མ་དང་སྤྲུལ་སྐུ་དམིགས་སུ་བཀར་བ་དང་། བོད་རིགས་སྤུན་ཟླ་དམིགས་སུ་བཀར་བ་བཅས་བྱས་ཡོད། ཀྲུའུ་ཡི་རྡོ་གཅིག་གིས་བྱ་གསུམ་བསད་པའི་བྱེད་སྟངས་དེས་བོད་རིགས་སྤུན་ཟླ་ལ་སྐུར་འདེབས་དང་གནོད་འཚེ། རྒོལ་རྡུང་བྱས་ཡོད་ལ། ཝུ་དང་ཀྲང་ལྟ་བུའི་བླ་མ་རྫུན་མ་དང་སྤྲུལ་སྐུ་རྫུན་མ་སྲུང་སྐྱོབ་དང་འབྲེལ། རང་ཉིད་དང་བླ་མ་རྫུན་མ་དང་སྤྲུལ་སྐུ་རྫུན་མ་དེ་དག་བར་གྱི་གཙང་ལ་མ་གཙང་བའི་འབྲེལ་བ་ཆ་ཚང་སྦས་སྐུང་བྱས་ཡོད།

ཡཱེ་ཞའོ་ཝན་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ནང་འཇམ་དཔལ་ལགས་ཀྱིས། སྤྲུལ་སྐུ་རྫུན་མ་ལ་རྒོལ་རྡུང་གཏོང་དགོས་ན་ཐོག་མར་ཡཱེ་ཞའོ་ཝན་ནས་འགོ་བཙུགས་དགོས། དུས་ཡུན་རིང་པོར་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས། ཆོས་ལུགས་ཀྱི་ལས་དོན་སྒྲུབ་མཁན་གྱི་བློ་མཐུན་རྒན་པ། ཁ་གསལ་པོ་བཤད་ན། ཡཱེ་ཞའོ་ཝན་གྱིས་ཆོས་ལུགས་ལས་ཁུངས་འགན་འཛིན་གྱི་འགན་ཁུར་བའི་མི་ལོ་༡༤ ཡི་དུས་སྐབས་ནི། རིག་གནས་གསར་བརྗེ་ཕུད་པའི་རྙོག་འཛིང་གི་དུས་སྐབས་ཤིག་ཡིན་པ་དང་། རང་རྒྱལ་བོད་བརྒྱུད་ནང་བསྟན་ཁྲོད་རྙོག་ཟིང་ཆེས་ཆེ་བ་དང་གནད་དོན་ཆེས་མང་བའི་དུས་སྐབས་ཤིག་རེད།

འཇམ་དཔལ་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་བོད་སྐྱོང་བའི་གཞི་རྩའི་རྩ་འཛིན་ནི་“ཆོས་སྲིད་ཁ་བྲལ་”ཡིན་ནའང་། ཡཱེ་ཞའོ་ཝན་སོགས་ཀྱིས་དེ་ལས་ལྡོག་སྟེ་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་ཤུགས་སྣོན་དང་དོ་དམ་ལ་ཤུགས་སྣོན་ཞེས་པའི་མིང་ཐོག་ནས། ཆོས་ལུགས་སྡེ་ཁག་གིས་ཐད་ཀར་ཆོས་ལུགས་ཀྱི་ལས་དོན་ཆ་ཚང་སྟངས་འཛིན་བྱེད་པ་དང་། དོན་དངོས་སུ་དེ་ལྟ་བུའི་བྱ་སྤྱོད་དེ་ནི་“ཆོས་སྲིད་ཟུང་འབྲེལ་”ལག་བསྟར་བྱས་པ་ཞིག་ཡིན། ཡཱེ་ཞའོ་ཝན་གྱིས་ད་དུང་སྔར་ན་མེད་པའི་སྤྲུལ་སྐུའི་ཐོབ་ཐང་ལག་ཁྱེར་ཡིན་ན་ཅིག་སྤྲོད་དེ། བོད་བརྒྱུད་ནང་བསྟན་ཁྲོད་དེར་བརྟེན་ནས་སྤྲུལ་སྐུ་རྫུན་མ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ལྟར་གང་སར་ནས་ཐོན། ཡཱེ་ཞའོ་ཝན་གྱིས་དགོན་པའི་ནང་འཛིན་སྐྱོང་རང་བཞིན་གྱི་དོ་དམ་ལག་བསྟར་གྱིས། གོ་རིམ་ལ་དཔག་པའི་ལས་གནས་གཏན་འབེབས་འོག་སྤྲུལ་སྐུ་ལ་ཆེ་ཆུང་གི་ཁྱད་པར་ཕྱེས་པ་དང་། རྫོང་རིམ་པའི་སྤྲུལ་སྐུ། ཁུལ་རིམ་པའི་སྤྲུལ་སྐུ། ཞིང་ཆེན་རིམ་པའི་སྤྲུལ་སྐུ། རིམ་པ་གང་ཞིག་གི་སྤྲུལ་སྐུས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུད་ཡོན་བྱེད་ཆོག་མིན། ས་གནས་སོ་སོའི་སྲིད་གཞུང་གི་དམངས་འཐུས་དང་སྲིད་གྲོས་ཀྱི་ཨུད་ཡོན་སོགས་ལས་གནས་གཏན་འབེབས་བྱས་ཡོད།

གྲགས་གློག་བརྙན་འཁྲབ་སྟོན་པ་ཀྲང་ཐའེ་ལི་སྤྲུལ་རྫུན་གྱི་ཁྲི་སྟོན།

གྲགས་གློག་བརྙན་འཁྲབ་སྟོན་པ་ཀྲང་ཐའེ་ལི་སྤྲུལ་རྫུན་གྱི་ཁྲི་སྟོན།

དེར་བརྟེན་ཝུ་དང་ཀྲང་གཉིས་ཀྱི་འཁྲབ་པའི་ཟློས་གར་དེ་ནི་ཕྱིའི་རྣམ་པ་ཙམ་ལས། གར་སྟེགས་རྒྱབ་ཀྱི་བསྟན་བཤིག་ངོ་མ་དང་སྤྲུལ་སྐུ་རྫུན་མ་རྒྱུད་སྐུལ་བྱེད་མཁན་དེ་ཡཱེ་ཞའོ་ཝན་ཡིན་པས། ཡཱེ་ཞའོ་ཝན་གྱིས་བཏབས་པའི་དུག་གི་ས་བོན་ལ་དུག་གི་འབྲས་བུ་སྨིན་པ་ཙམ་ཡིན། ཉེས་ཅན་གཏེ་བོ་ངོ་མ་ཡཱེ་ཞའོ་ཝན་རང་ཉིད་ཀྱིས་མཇུག་འབྲས་ཆ་ཚང་འགན་ཁུར་དགོས།

བོད་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་དག་ཏུ་གནད་དོན་ཆེ་མ་ཆུང་གསུམ་ཅི་ཞིག་ལྷག་པ་ཡིན་ནའང་། ཀྲུའུ་ཝན་ཆོན་དང་ཡཱེ་ཞའོ་ཝན་སོགས་ཀྱིས་ཁ་བྲལ་རིང་ལུགས་དང་མཉམ་དུ་སྦྱར་པའི་རྗེས། རྒྱུ་མཚན་དང་ཁུངས་ལུང་མང་པོ་བགྲངས་ཏེ་སྐྱོན་བརྗོད་བྱས་པ་དང་། རང་ཉིད་ནི་ཁ་བྲལ་རིང་ལུགས་ལ་རྒོལ་བའི་དཔའ་བོ་ལྟ་བུ་ཞིག་བཟོ་བཞིན་ཡོད། ཁོང་ཚོའི་བྱེད་ཐབས་དེའི་རིགས་ལ་ལས་བྱེད་དང་མི་དམངས་མང་ཚོགས་སྔར་ནས་མི་དགའ་བ་གྱུར་ཟིན་ཞིང་། ཁ་བྲལ་ལ་ངོ་རྒོལ་ནི་སྒམ་ཞིག་ཡིན་པའི་དབང་དུ་བཏང་ན། དེའི་ནང་དུ་གནད་དོན་གང་ཞིག་ཡིན་ནའང་བཅུག་ཆོག་ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད་ཅེས་བརྗོད་འདུག།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share on Facebook0Tweet about this on TwitterShare on Google+5Share on LinkedIn0Email this to someone
1 commentViews: 104

One Comment

  1. Pingback: hello | བོད་ཀྱི་བང་ཆེན་དྲ་བ།

Leave a Reply