དཔེ་མཛོད་ནི་ཐུན་མོང་གི་ལོངས་སྤྱོད་ཡིན།

ཆུ་ཕྲན་ཐམས་ཅད་འདུས་པའི་རྒྱ་མཚོ་ནི་ཆུ་གནས་ཡོད་དོ་ཅོག་གི་ལོངས་སྤྱོད་དུ་གྱུར་པ་བཞིན། གནའ་ནས་རིམ་པར་བརྒྱུད་ཅིང་གཟི་བྱིན་ལྡན་པའི་སྲོལ་རྒྱུན་གྱི་རིག་གནས་དང་། འོད་སྟོང་འཚེར་བཞིན་པའི་དེང་རབས་ཀྱི་རིག་གནས་ཐམས་ཅད་འཛོམས་པའི་དཔེ་མཛོད་ཅིག་ཡིན་ན་ཐུན་མོང་ལ་དམིགས་པ་ཞིག་དང་། ཐུན་མོང་གི་སྤྱོད་ཡུལ་ཞིག་ཡིན་དགོས།

སྔོན་མ་སྔོན་མ་ཞིག་ནས་རྡ་རམ་ས་ལའི་ཆོལ་ཁ་ཆོས་ལུགས་ཚང་མའི་འཐུས་ཚབ་ཡོད་པའི་མང་གཙོའི་ལམ་ལུགས་ཅན་གྱི་བཙན་བྱོལ་བོད་མིའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་བོད་ཀྱི་དཔེ་མཛོད་ཁང་ཆེན་མོ་དེ་ཆོས་བརྒྱུད་ཚང་མར་གཅིག་མཚུངས་ཀྱི་གོ་སྐབས་དང་ཐོབ་ཐང་མེད་པ་ལྟ་བའི་རྒྱུན་ལྡན་གྱི་འཛིན་སྐྱོང་བྱེད་སྟངས་ལ་ནོར་འཛོལ་མང་པོ་ཞིག་འཆོར་བཞིན་ཡོད་པའི་ཚོར་སྣང་ཤུགས་ཆེར་བྱུང་། གངས་ཅན་སྐྱིད་གཤོང་བོད་ཀྱི་དཔེ་མཛོད་ཁང་ལྟ་བུ་ནི་ཆོས་བརྒྱུད་བྱེ་བྲག་པ་ཞིག་གིས་ཁྱབ་སྤེལ་དང་རྒྱུད་འཛིན་བྱས་པའི་དབང་གིས་དེ་ལས་གཞན་པའི་ཆོས་བརྒྱུད་དག་ལ་དེ་འདྲའི་དོ་ཁུར་ཆེན་པོ་ཞིག་བྱེད་ཀྱི་ཡོད་དམ་སྙམ་པའི་དྲི་བ་ཞིག་གིས་མི་ལོ་དུ་མར་རྗེས་འདེད་བྱས་མྱོང་ཡོད།

འོན་ཀྱང་ནམ་ཡང་ཁ་རོག་གེར་བསྡད་པ་ལས་ད་ལྟ་དངོས་སུ་དོགས་འདྲི་རྙིང་པ་དེ་གསར་པ་གསར་རྐྱང་ཡིན་པའི་འདུ་ཤེས་སུ་བཟུང་ནས་དོགས་སློང་བྱེད་ཐུབ་ན་སོ་སོར་དགོས་པའི་ལན་འདེབས་ཁ་གསལ་རེ་རག་ཐུབ་པའི་དགེ་མཚན་ཡོད་པ་དང་། གལ་སྲིད་ངའི་བསམ་ཚུལ་འདི་ངན་པས་ཁ་བཤད་སྔ་ན་བཟང་པོའི་བློ་སྒོ་འབྱེད་ཟེར་བའི་དཔེ་རུའང་འགྱུར་སྲིད། ངའི་བསམ་ཚུལ་འདི་འགྲིག་དགོས་པ་ཞིག་ཡིན་དགོས་པའི་ངེས་པ་ནི་གང་ཟག་རང་རང་གི་སྣང་ཚུལ་ལ་རག་ལས་ཡོད་པས་ངས་ཀྱང་ཚོར་བ་ཞིག་འདི་ན་བྲིས་པ་ཡིན།

འོ་ན་བསམ་ཚུལ་ཇི་ལྟ་བུ་ཞིག་བརྗོད་རྒྱུ་ཡིན་ཞེ་ན། ཅིག་བྱས་ན་བརྗོད་བྱ་འདིའི་སྐོར་ལ་སྔོན་ནས་བགྲོ་གླེང་བྱས་པ་དང་བསམ་ཚུལ་བསྡུས་པ་སོགས་བྱུང་ཡོད་སྲིད། དཔེ་མཛོད་དོ་དམ་སུས་བྱེད་མིན་ཐད་རྩོད་རྙོག་ཀྱང་ལྷག་ཡོད་སྲིད། ཅིག་བྱས་ན་དེའི་སྐོར་དོ་སྣང་མ་བྱུང་བའི་དབང་གིས་གནས་ཚུལ་འདི་ལ་ལག་པ་འཆང་མཁན་བྱུང་མེད་པ་འདྲ། ཡང་ན་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ལས་མ་འདས་བའི་ང་དང་ང་འདྲ་བའི་རྣམ་རྟོག་ཅན་གྱི་མི་རེ་འགའི་སེམས་ཀྱི་མེ་ལོང་ནང་དེ་མཚུངས་ཀྱི་དྲི་བ་སླེབས་ཀྱང་སོ་སོའི་བསམ་ཚུལ་གཞན་ལ་བཤད་ཕོད་པའི་གདེང་སྤོབས་ཀྱིས་མ་འདང་ནས་དྲི་རྟགས་བཀོད་པའི་འདོད་འདུན་ཆེས་ཆེར་འཕེལ་མེད་པའི་རྒྱུ་མཚན་ཡང་ཡོད་མི་ཆོག་པ་ཞིག་ནི་ག་ལ་ཡིན།

གང་ལྟར། འདིར་འཛིན་སྐྱོང་ངམ་སྟངས་འཛིན་ཞེས་པའི་གོ་དོན་ནི་རང་གཞུང་བོད་ཀྱི་དཔེ་མཛོད་ཁང་ལ་དཔལ་འབྱོར་གྱི་ཆ་རྐྱེན་འཛོམས་མིན། ལས་བྱེད་རང་རྐྱ་འཕེར་བ་ཡོད་མེད། དེབ་ཀྱི་སྣ་ཁ་མང་ཉུང་། དེང་རབས་ཅན་གྱི་རྩིས་འཕྲུལ་ཅི་ཙམ་ཡོད་མེད། ལོ་རྒྱུས་དང་ཆབ་སྲིད་ཀྱི་ཞིབ་འཇུག་པ་ག་ཚོད་ཐོན་ནས་ཕྱིན་པ། ཁང་པ་ལ་རྫིག་ཉམས་དང་གནའ་ཉམས་དོད་མིན། སྐད་གྲགས་ཆེ་ཆུང་། དེ་བཞིན་ཆབ་སྲིད་དང་རིག་གཞུང་གི་ཐད་ལ་བཟང་ཕྱོགས་ཀྱི་ཕན་འབྲས་ཐོན་པའི་སྐོར་ལ་གླེང་འདོད་པ་ཞིག་ནི་གཏན་ནས་མིན།

ད་ངས་འདྲི་འདོད་པ་ངོ་མ་ནི།  བོད་གཞུང་དཔེ་མཛོད་ཁང་དུ་ཉིན་ནས་ཉིན། ཟླ་བ་ནས་ཟླ་བ། ལོ་ནས་ལོ་བསྟུན་ནས་ནང་དོན་རིག་པ་སོགས་ལ་དོན་གཉེར་ཅན་གྱི་ཕྱི་རྒྱལ་བ་དང་བོད་པ་སྟོང་ཕྲག་མང་པོ་གནའ་བོའི་བོད་ཀྱི་སྲོལ་རྒྱུན་ཁང་བཟོ། རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་དཔེ་མཛོད་ཀྱི་སྒོ་ཁ་ནས་གསར་དུ་འཛུལ་ཡོང་བ་དང་། དེ་ནས་ཕྱིར་ཐོན་པ་སོགས་བོད་ཀྱི་ཆོས་དང་རིག་གཞུང་གི་སྙིང་བཅུད་ལ་ཅུང་ཟད་རེ་གོམས་འདྲིས་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། དཔེ་མཛོད་ཁང་དུ་བཅར་མཁན་གྱི་སློབ་མའི་གྲངས་ཀ་ཡང་སྔར་དང་བསྡུར་ན་ད་ལྟ་ཇེ་མང་། ད་ལྟ་དང་བསྡུར་ན་འབྱུང་འགྱུར་གྱི་དུས་ཡུན་ནང་ཇེ་མང་དུ་འཕེལ་བའི་ཚོད་དཔག་བྱེད་ཐུབ། དེས་ན་གྲུབ་མཐའ་སོ་སོའི་ལྟ་གྲུབ་གཞན་དང་གཞན་ལ་བརྒྱུད་བསྒྲགས་བྱེད་སའི་སྡིངས་ཆ་མེད་དུ་མི་རུང་བ་ཞིག་ཡིན། སྤྱིར་ན་དགོན་སྡེ་དང་ཆོས་བརྒྱུད་སོ་སོའི་ཆོས་ཚོགས་སོགས་རྒྱ་གར་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་སར་ཡོད་ན་ཡང་། ལུང་པ་དང་ཆོས་བརྒྱུད་སྤྱི་ལ་དབང་བའི་བོད་ཀྱི་དཔེ་མཛོད་ཁང་ཞིག་ཧ་ལམ་མེད་ཟེར་ན་ཆོག མང་ཆེ་བ་ཞིག་གིས་སྤྱི་ལ་དབང་བའི་དཔེ་མཛོད་དེ་འདི་ཉིད་ཡིན་པར་ངོས་འཛིན་སྲིད་ཀྱང་། དེའང་ཆོས་བརྒྱུད་བྱེ་བྲག་པ་གཅིག་རང་གིས་དུས་རྒྱུན་སྟངས་འཛིན་དང་བཀོད་ཇུས་གཅིག་པུའི་འོག་འགྲོ་བཞིན་ཡོད་པ་ལས་གཡུང་དྲུང་བོན་དང་ཆོས་བརྒྱུད་གཞན་པ་དག་ལ་ད་ལྟའི་ཆར་དེ་ཙམ་གྱི་ཐེ་ཇུས་བྱེད་དབང་དང་ལག་པ་འཆང་བའི་དབང་ཚད་ག་ཚོད་ཅིག་ཡོད་དམ།

གལ་སྲིད་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དང་རྒྱུན་བཞུགས་དཔེ་ཁྲིད་གནང་མཁན་དགེ་བཤེས་དང་ཡང་ན་མཁན་པོ་ཡིན་དགོས་ན་མི་ཆོག་པ་ཞིག་མེད་རུང་། སྤྱི་ལོ་ ༡༩༧༠ ནས ༢༠༡༤ པར་དཔེ་མཛོད་ཁང་དབུ་བརྙེས་ནས་ལོ་འཁོར་ཞེ་བཞི་ལྷག་ཙམ་ཕྱིན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོའི་ཁྲོད་དུ་རིས་སུ་མ་ཆད་པའི་ས་སྐྱ་དང་རྙིང་མ། བཀའ་བརྒྱུད་དང་གཡུང་དྲུང་བོན་བཅས་ནས་ད་བར་དཔེ་མཛོད་ཀྱི་ངེས་སྟོན་པ་དང་རྒྱུན་བཞུགས་མཁན་པོ་དང་དགེ་བཤེས་ཅི་ཙམ་ཕེབས་མྱོང་ཡོད་དམ། ཕེབས་མ་མྱོང་ན་དེའི་རྒྱུ་རྐྱེན་ངེས་པར་དུ་འཚོལ་དགོས་པ་དང་། འཐུས་ཤོར་གང་ནས་སོང་ཡོད་མེད་དང་འགག་རྩ་གང་ཞིག་ལ་ཐུག་ཡོད་མེད་ཐོག་བསམ་གཞིག་ནན་ཏན་བྱེད་དགོས། དཔེ་མཛོད་ཀྱི་ཁྲིམས་དང་སྒྲིག་གཞི་མང་གཙོའི་ནང་གི་འདྲ་མཉམ་དང་ཐོབ་ཐང་གི་གཏན་ཚིགས་དང་འགལ་ཡོད་མེད་ལ་བརྟག་ཅིང་དཔྱད་དགོས། བརྟག་ཆོག་པ་དང་བཤད་ཆོག་པ་ནི་མང་གཙོའི་གྲུབ་ཆ་ཆེན་པོ་ཞིག་ཡིན་པ་མ་ཟད། དེ་ང་ཚོར་ཡོད། ཡོད་པ་དེ་ང་ཚོས་གོ་སྐབས་དམ་དུ་བཟུང་བའི་ཐོག་ནས་ལོངས་སུ་སྤྱོད་དགོས།

བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནི་འཛམ་གླིང་ནང་གི་བོད་ཀྱི་ཆོས་དང་རིག་གཞུང་གསོ་སྐྱོང་བྱེད་སའི་བསྟི་གནས་མང་པོ་ཡོད་པའི་ནང་གི་གཙོ་གྲས་ཤིག་ཡིན་པ་དཔེ་མཛོད་ཀྱི་ལོ་རྒྱུས་ནང་གསལ་བཀོད་བྱས་འདུག་པ་མ་ཟད། དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འགན་བཞེས་ནས་གལ་ཆེའི་རང་བཞིན་ཅན་གྱི་དཔེ་མཛོད་ཁང་དེ་འདྲ་བ་ཞིག་གསར་འཛུགས་གནང་བའི་དམིགས་དགོས་གཙོ་བོ་ཆོས་དང་རིག་གཞུང་གོང་འཕེལ་གཏོང་ཆེད་མ་རེད་དམ། ཆོས་ཞེས་པར་སྒྲ་ཡངས་དོག་གི་དོན་དག་མང་པོ་ཞིག་ཡོད་དུ་ཆུག་ཀྱང་ནང་བསྟན་སྤྱི་དང་ཁྱད་པར་དུ་བོད་བརྒྱུད་ནང་བསྟན་ཡོངས་རྫོགས་དར་སྤེལ་གཏོང་བར་གོ་དགོས་པ་མ་གཏོགས་ཆོས་རྒྱུད་བྱེ་བྲག་པ་ཞིག་གིས་ཆོས་རྒྱུད་གཞན་ཚང་མའི་ཚབ་མཚོན་བྱེད་མི་ཐུབ་པ་ནི་ནམ་ལང་ཉི་ཤར་གྱི་དཔེར་ལྟར་རེད།

མ་འོངས་པར་ད་ལྟའི་འགན་དབང་དང་འཛིན་སྐྱོང་གི་འགྲོ་སྟངས་དང་དབང་ཚད་ལ་འགྱུར་བ་མ་བཏང་ཚེ་ད་ཡོད་ཀྱི་གྲུབ་ཆ་ཉམས་རྒུད་ཅི་ཙམ་འགྲོ་མིན་བཤད་ཤེས་པ་ཞིག་མིན་ཡང་། སྔར་ལས་ལྷག་པའམ་མངོན་གསལ་དོད་པོའི་ཡར་རྒྱས་འགྲོ་བར་རེ་བ་ཆེན་པོ་དེ་ཙམ་རྒྱག་རྒྱུ་མེད། རྒྱུ་མཚན། གཡུང་དྲུང་བོན་དང་ཆོས་རྒྱུད་གཞན་པ་དག་གིས་མཉམ་འབྲེལ་མེད་ན་ཡར་རྒྱས་ཀྱི་གོམ་ཁ་བཟང་ཕྱོགས་དང་དྲང་ཕྱོགས་སུ་བསྒྱུར་མི་ཐུབ་པས་གྲངས་མང་ལ་གྱོང་གུན་ཐེབས་པ་དང་དབང་འཛིན་ཅན་ཉུང་ཤས་ལ་རྟག་ཏུ་ཁེ་བཟང་རེ་རག་པའི་ལམ་ཁ་ཡངས་པོ་རེ་བསྐྲུན་ཡོད། མང་བ་དང་ཉུང་བ་གཉིས་ཀྱི་བར་གྱི་ཁྱད་པར་ཤེས་པའི་ཐོག་གྲངས་མང་གི་གྱོང་གུན་དེ་གྲངས་ཉུང་གི་གྱོང་གུན་ལས་གསབ་ཐུབ་པ་ལྡབ་འགྱུར་གྱི་དཀའ་ཚེགས་ཆེ་བ་ཡོད་པ་ཡང་ཤེས་དགོས། དེ་འདྲ་ཡིན་པ་བོད་སྤྱིའི་གྱོང་གུན་ཞིག་ཏུ་ངོས་འཛིན་དགོས་ལ་ངོས་ལེན་ཡང་མི་བྱེད་ཐབས་མེད་ཅིག་མ་རེད་དམ། ཆོས་ལུགས་ཀུན་གྱི་སྔོན་བྱོན་གྱི་མཁས་པ་རྣམས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་མཁྱེན་རབ་ཀྱི་འོད་ཟེར་ལས་འཁྲུངས་པའི་གསུང་རབས་བྲག་རི་ལྟར་བརྩེགས་ཡོད་པ་ཕལ་ཆེ་བ་མཇལ་རྒྱུ་མེད་པ་དེ་བོད་ཀྱི་དཔེ་མཛོད་ཁང་ཞིག་ལ་མཚོན་ན་དེ་ནི་དབང་པོ་སྐྱོན་ཅན་གྱི་མི་ཞིག་དང་མཚུངས་པ་མ་ཡིན་ནམ།

ཡང་གཅིག་བཤད་ན། དབང་འཛིན་གྱི་ལམ་ལུགས་ལ་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་དབང་དང་མཐུན་པའི་སྒྱུར་བཅོས་མ་བྱས་ན། བོན་དང་བཅས་པའི་ཆོས་རྒྱུད་གཞན་བཞི་པོར་བོད་ཀྱི་དཔེ་མཛོད་ཁང་བརྒྱུད་སོ་སོའི་ལྟ་གྲུབ་གཞན་ལ་ངོ་སྤྲོད་དང་གཞན་ལ་ཆོས་ཁྲིད་གནང་བའི་མཉམ་མྱོང་གསོག་པའི་རླབས་ཆེ་བའི་གོ་སྐབས་རང་བཞིན་གྱིས་མེད་པར་ཆགས་འགྲོ་བ་རེད། དེ་ཡང་མི་རིགས་ཤིག་དང་ཆོས་ལུགས་སྤྱིའི་ཕྲག་ཏུ་ལྷུང་བའི་ཆག་སྒོ་ཆེན་པོ་ཞིག་ལ་འགྲེལ་བཤད་རྒྱག་དགོས། སྐབས་རེ་ཆོས་རིག་ལས་ཁུངས་ལྟ་བུས་འབྲེལ་ཡོད་ཆོས་ལུགས་གཞན་རྣམས་ལ་གལ་ཆེའི་བརྡ་ཐོ་བཏང་ཡང་ཆོས་ལུགས་ག་གེ་མོས་བསམ་བཞིན་དུ་ཆ་ཤས་མི་ལེན་པ་དེ་འདྲའི་རིགས་ཡོང་བཞིན་ཡོད་ན་འགན་ཡོད་མི་སྣ་ཚོར་བྱ་ཐབས་མེད་པ་དང་ཁག་མེད་པ་ཞིག་རེད།  འོན་ཀྱང་དེའི་རྒྱུ་མཚན་ཡང་འཚོལ་ཞིབ་ཞིག་དགོས་པར་སྣང་།

མདོར་ན་གྲུབ་མཐའ་འམ་ཆོས་བརྒྱུད་ཚང་མར་ལྟ་ཚུལ་གཅིག་པ་དང་གོ་སྐབས་འདྲ་མཉམ་མ་བྱུང་ན་ཕྱི་ཚུལ་དུ་ཁ་མི་གྲགས་ཀྱང་སེམས་སུ་གཅིག་གིས་གཅིག་ལ་ཡིད་ཆེས་དེ་ཙམ་བྱེད་མི་ཐུབ་པའི་གནས་སུ་ལྷུང་ཚེ་དེ་ནི་ཡར་རྒྱས་ཀྱི་བཀག་རྡོ་ཞིག་ལ་མཐོང་དགོས། ཆོས་ལུགས་ཚང་མར་གོ་སྐབས་དང་ཐོབ་ཐང་འདྲ་མཉམ་མ་བྱུང་ན་ཆོས་ཕྱོགས་ནས་རང་རེའི་བླ་ན་མེད་པའི་དབུ་ཁྲིད་༧ རྒྱལ་བ་རིན་པོ་ཆེས་དཔེ་མཛོད་ཁང་གསར་འཛུགས་གནང་བའི་དགོས་པ་དམིགས་ཡུལ་དང་མཐུན་གྱི་མེད་པ་དངོས་ཡོད་གནས་ཚུལ་མ་རེད་ཅེས་ཤིན་ཏུ་བརྗོད་དཀའ། དེ་ཙམ་མ་ཟད་ཚུལ་དེས་བོད་མི་རིགས་སྤྱིའི་རྩ་དོན་ལ་མི་གནོད་པའི་ངེས་པ་ཆ་ཏིལ་འབྲུ་ཙམ་ཡང་མ་མཆིས་སོ། དེས་ན་རྡ་སའི་བོད་ཀྱི་དཔེ་མཛོད་ཁང་ནི་གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་ཆེན་མོའི་སྤྱི་ནོར་ཡིན་པས། ཚང་མས་དགའ་དགའ་སྤྲོའི་ངང་ནས་མཉམ་དུ་སྤྱོད་དགོས་ལ་གཙོ་བོ་འཛིན་སྐྱོང་གི་དབང་ཚད་ཕན་ཚུན་བར་ལ་སྤྲོད་ལེན་བྱེད་དགོས།

གོང་དུ་ཞུས་ཟིན་པ་འདི་ནི་ང་རང་སྒེར་གྱི་བསམ་ཚུལ་ཡིན་པ་དང་། ཐོབ་ཐང་ཞིག་བཤད་པ་མིན་པར་མཇུག་འབྲས་ལ་བསམ་བློ་བཏང་ཡིན། ངའི་བསམ་ཚུལ་གང་ཡིན་པ་དེ་མཐའ་གཅིག་ཏུ་ཡང་དག་པ་ཡིན་པའི་ངེས་པ་མེད་ཀྱང་། བསམ་ཚུལ་ཐུང་ངུ་འདི་རང་རེ་སྟེ་བོད་ལ་ཕན་པའི་ཕྱིར་དུ་བརྗོད་པའི་ལྷག་བསམ་གྱི་ཐིག་པ་ཞིག་ཏུ་དམིགས་པ་ལས་ཕྱོགས་རིས་ཆགས་སྡང་གིས་ཆེད་དུ་སྨྲས་པ་ཞིག་ནི་གཏན་ནས་མིན། དྲང་བདེན་ནི་ཀུན་གྱི་རྩ་བ་དང་ང་རང་སྒེར་གྱི་དད་སའི་ཆོས་ལུགས་ཨང་དང་པོ་དེ་རེད། དེས་ན་ངས་སོ་སོའི་བསམ་ཚུལ་མ་གསང་དྲང་པོར་བརྗོད་པའི་ཐོག་རང་ཉིད་ཀྱི་སེམས་ནང་གི་ཆོས་ལུགས་ཨང་དང་པོ་དེ་ཉམས་སུ་ལེན་པ་ཙམ་ལས་ཅི་ཡང་མ་འདས་སོ།།
སྤྱི་ལོ༢༠༡༤/༨/༢༤ཉིན་མི་ཉག་ཀུན་དགའ་བཀྲ་ཤིས་ཀྱིས་དབྱིན་ཡུལ་ནས།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||