ཁུ་སིམ་སིམ་གྱི་ལ་རྒྱའི་སློང་མོ་བ་ཞིག

ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།

ཉེ་བའི་ཆར་ང་རང་སྒེར་དོན་ཞིག་གིས་རྐྱེན་པས་བཙན་བྱོལ་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་དུ་འགྲོ་དགོས་བྱུང་བ་དང་། སྐབས་དེར་ཆར་དུས་ལ་ཁེལ་ཡོད་ལ། སྤྱིར་དེ་གར་འབྲུག་སྒྲ་ལྡིར་ལྡིར་དང་གློག་དམར་ཆེམ་ཆེམ་སོགས་གོ་རྒྱུ་མཐོང་རྒྱུ་དཀོན་ནའང་། ནམ་མཁའ་རུ་སྤྲིན་པ་ནག་ལྡིག་ལྡིག་འཐིབས་ཤིང་། ས་ལ་ཆར་བ་ཤག་ཤག་ཏུ་བབས་པ་ནི་རྒྱུན་ལྡན་དུ་གྱུར། ཆར་བ་ཐེངས་ཤིག་བབས་རྗེས། གཡས་གཡོན་གྱི་ཁོར་ཡུག་ཡོད་ཚད་སྣུམ་ཤིག་ཤིག་དང་ལྗང་ཐིང་ཐིང་དུ་གྱུར་ནའང་། གདན་ས་ཆེན་པོ་འབྲས་སྤུངས་དང་དགའ་ལྡན་བར་གྱི་འགྲུལ་ལམ་ཀྱག་ཀྱོག་དེ་ནི། འདམ་རྫོབ་དང་འདམ་ཁུ་ཡིས་ཁེངས་པ་མ་ཟད། འབུར་འབུར་ལྡིམ་ལྡིམ་གྱི་འགྲུལ་ལམ་དེ་ནི་འགྲུལ་བ་ཚོ་ཆེས་སུན་སྣང་སྐྱེས་བྱེད་ཅིག་ཡིན་པ་དང་། འགྲུལ་བྱེད་ཀྱི་སྣུམ་འཁོར་དེ་དག་གང་མགྱོགས་བེད་མེད་འཕྲོ་བརླག་འགྲོ་རྐྱེན་ཞིག་ཡིན་པར་གདོན་མི་ཟ།

ཉིན་ཞིག་ང་དང་གྲོགས་པོ་ཁ་ཤས་དགའ་ལྡན་བྱང་བརྕེ་གྲྭ་ཚང་དུ་གླིང་སྐོར་ལ་ཕྱིན་པ་ཡིན། ཁ་རྒྱུན་བཞིན་དབྱར་ཁའི་ཆར་པར་ཆ་འཇོག་མེད་ཅེས་བཤད་སྲོལ་ཡོད་པ་ལྟར་གློ་བུར་ཏུ་ཆར་བ་བབས་ཡོང་པ་དང་། ཆར་ཞོད་ཇེ་ཆེ་ནས་ཇེ་ཆེར་སོང་ལ། དགོན་པའི་སྐོར་ལམ་དང་གྲྭ་ཤག་བར་གྱི་སྲང་ལམ་ནང་ཡར་མར་ཕེབས་པའི་སེར་སྐྱ་རྒན་གཞོན་ཚོའང་གློ་བུར་ཏུ་རང་རང་གི་སྡོད་གནས་སུ་ལོག་འགྲོ་བ་དང་། ལྷིང་འཇགས་ཀྱི་དགོན་པའི་གླིང་ར་ནི་ཆར་སྒྲ་ལས་གཞན་ཅི་ཡང་གོ་རྒྱུ་མེད་པར་གྱུར།

ཡུད་ཙམ་རྗེས། ཆར་ཆུ་ཤུགས་ཀྱིས་ས་རུ་ལྷུང་བའི་ཆར་སྒྲའི་གསིང་ནས་“ཚགས་པར་གཟིགས་་་་་་ཚགས་པར་གཟིགས་”ཞེས་གསལ་ལ་མ་གསལ་གྱི་འབོད་སྒྲ་ཞིག་རྣ་ལམ་དུ་ལྷུང་བས། ངས་གཡས་གཡོན་དུ་མིག་ཞགས་ཤིག་ཕངས་པར། དྲག་ཆར་གྱི་གསེང་ནས་ངའི་མདུན་ཕྱོགས་ཀྱི་ཁང་པའི་སྒོ་འགྲམ་དུ་མི་ཞིག་གིས་ལག་ཏུ་ཚགས་པར་འགའ་བཟུང་ནས་གྲྭ་ཤག་རེ་རེ་ན་“ཚགས་པར་གཟིགས་་་་་་ཚགས་པར་གཟིགས་”ཞེས་འབོད་ནས་འགྲོ་པར་མཐོང་། ཞིབ་ཏུ་བལྟས་པར་ད་གཟོད་དེ་ནི་བང་ཆེན་གསར་ཁང་གི་མོན་གྷོའི་གསར་འགོད་པ་དང་ཚགས་པར་འགྲེམས་སྤེལ་པ་གཅིག་ལྕོགས་ཀྱི་ཕྱག་ལས་གནང་བཞིན་པའི་ཐུབ་བསྟན་བཀྲ་ཤིས་ཡིན་པར་ཤེས། ཆར་པ་མུ་མཐུད་འབབ་བཞིན་འདུག་ལ། ང་དང་ངའི་གྲོགས་པོ་ཚོས་ཡུད་ཙམ་རིང་ཁང་པའི་ཟུར་ཞིག་ཏུ་ཆར་གཡོལ་ཞིག་མ་བྱས་ཐབས་མེད་བྱུང་། སྐབས་དེར་ངའི་གྲོགས་པོ་དགེ་བཤེས་ཤིག་གིས་ཆར་ཐིགས་གསིང་ན་རབ་རིབ་ཏུ་འཆར་བའི་ཐུབ་བསྟན་བཀྲ་ཤིས་ཀྱི་གཟུགས་བརྙན་དེར་བལྟས་སྟེ། གསར་འགོད་པ་འདིས་ཕྱི་ལོ་༢༠༠༩ནས་བཟུང་བང་ཆེན་ཚགས་པར་འགྲིམས་སྤེལ་བརྒྱུད། གཞིས་གྲོང་དང་སློབ་གྲྭ། དགོན་སྡེ་སོགས་སུ་ཚགས་པར་ཀློག་ཐབས་ལ་ནུས་པ་ཇི་ཙམ་བཏོན་ཡོད་ལུགས་དང་། དེའི་གྲུབ་འབྲས་ཀྱིོས་དེང་སང་ས་གནས་བོད་མི་ཚོ་མི་རེའི་ལག་པ་རུ་ཚན་རྩལ་དང་བརྡ་འཕྲིན་གྱི་ཕྱུག་བའི་ལག་ཐོག་ཁ་པར་དང་གློག་ཀླད་སོགས་བཟུང་ཡོད་ནའང་། ད་དུང་ཚགས་པར་ཀློག་པར་ཇི་ཙམ་དོ་སྣང་དང་ཡར་རྒྱས་ཕྱིན་ཡོད་ལུགས་དང་། མ་ཟད་ཟླ་ཕྱེད་ནས་རིམ་གྱིས་བདུན་རེར་བསྒྱུར་བའི་བང་ཆེན་ཚགས་པར་ནི་ལྷོ་ཕྱོགས་བོད་མི་བཙན་བྱོལ་བ་ཚོའི་གསར་གྱུར་ཤེས་རྟོགས་ཐུབ་པའི་འབྱུང་རྩ་གཙོ་བ་ཡིན་པ་དང་། འཛམ་གླིང་ཕྱི་ནང་གི་གནས་ཚུལ་མཐོང་བའི་སྒེའུ་ཁུང་ལྟ་བུ་ཡིན་པ་མ་ཟད། དེ་དང་མཉམ་དུ་ས་གནས་བོད་མི་ཚོར་བོད་ཡིག་གི་འབྲི་ཀློག་གནས་ཚད་བཅས་རང་བཞིན་གྱིས་གོང་མཐོར་འགྲོ་ཡོད་ལུགས་སོགས་ཁ་བརྡ་བྱས་སོང་།

ངས་ཆར་ཆུའི་གསེང་ཁོང་གི་རབ་རིབ་དང་གསལ་ལ་མ་གསལ་བའི་གཟུགས་བརྙན་དེར་བལྟས་པར། དངོས་གནས་བོད་མི་ཚོར་ཁ་ཡོད་ལག་ཡོད་ཀྱིས་ཞབས་འདེགས་ཞུ་མཁན་གྱི་རླབས་ཆེན་མི་སྣ་ཞིག་དང་། དཀའ་སྡུག་གི་ཁུར་བོ་ཁྱེར་ནས་ཁུ་སིམ་གྱི་ལ་རྒྱའི་སློང་མོ་བ་ཞིག་རེད་ཨཱ་སྙམ་ལ། དུས་དེར་ཆར་ཆུའི་གསེང་“ཚགས་པར་གཟིགས་་་་་་ཚགས་པར་གཟིགས་”ཞེས་གྲགས་པའི་འབོད་སྐད་དེའང་ཇེ་སྙན་ཇེ་སྙན་དུ་སོང་།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||