༄༅།། བལ་ཡུལ་འཇང་དགུན་ཆོས་ཐེངས་བརྒྱད་པ་ལེགས་འགྲུབ་བྱུང་བ།

དེ་ཡང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་བཞེད་འོག་རབ་བྱུང་ཙམ་མ་ཟད་ཁྱིམ་པ་ཕོ་མོས་ཀྱང་མཚན་ཉིད་རིགས་ལམ་ལ་སྦྱང་པ་བྱེད་དགོས་གལ་ཆེན་ཡིན་པའི་བཀའ་ནན་ཕེབས་དོན་ལྟར། འདི་ག་བལ་ཡུལ་ཁུལ་གྱི་དགེ་ལྡན་རིང་ལུགས་འཛིན་པའི་འདུས་སྡེ་དགོན་པ་གྲྭ་ཚང་ཁག་གི་ ནང་གཞུང་ཆེན་མོའི་སློབ་གཉེར་སྔར་ཡོད་གོང་སྤེལ་དང་གསར་བུ་བ་དག་ལ་ནང་དོན་རིག་པའི་གོ་རྟོགས་སྤེལ་སླད། བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལོ་ལྟར་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་འདི་ཉིད་ཚོགས་དང་ཚོགས་བཞིན་པ་ཡིན།

འདི་ལོའི་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ཐེངས་བརྒྱད་པ་འདི་ནི།   ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༠ ཚེས ༡ནས་བདུན་ཕྲག་གཉིས་ཀྱི་རིང་གནས་མཆོག་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས་ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་གྲྭ་ཚང་དུ་དགེ་ལྡན་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་ཀུན་རྩེ་རིན་པོ་ཆེ་དང། མཁན་རིན་པོ་ཆེ་འཕྲིན་ལས་ཆོས་འཕེལ་ལགས་རྣམ་གཉིས་གཙོས་དགོན་པའི་ལས་བྱེད་ཡོངས་ཀྱི་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་གྲ་སྒྲིག་གཟབ་རྒྱས་ངང་ཚོགས་ཐུབ་པ་བྱུང་ཡོད།

དེ་ཡང་འཇང་དགུན་ཆོས་ལ་ཕེབས་མཁན་སློབ་གཉེར་བ་ནི། གཞུང་དགོན་བསམ་གཏན་གླིང་ གྲྭ་ཚང་གི་སློབ་གཉེར་བ། ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་གི་སློབ་གཉེར་བ། ཤེལ་ དཀར་ཆོས་སྡེ་དགེ་ལྡན་ལེགས་བཤད་གླིང་གྲྭ་ཚང་གི་སློབ་གཉེར་བ། ཤྲཱི་ཆུ་བཟང་བསམ་གཏན་ ཡང་རྩེ་གྲྭ་ཚང་གི་སློབ་གཉེར་བ། ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་གྲྭ་ཚང་གི་སློབ་གཉེར་བ། སྒོ་སོག་ཕུན་ཚོགས་ཆོས་གླིང་གྲྭ་ཚང་གི་སློབ་གཉེར་བ། གྲུབ་དགོན་འོད་ཆེན་ཐུགས་རྗེ་ཆོས་ གླིང་གྲྭ་ཚང་གི་སློབ་གཉེར་བ། དགའ་ལྡན་བྱམས་དགོན་གླིང་གྲྭ་ཚང་གི་སློབ་གཉེར་བ། བོ་དོང་ཆོས་བརྒྱུད་སྤོ་རོང་དཔལ་མོ་ཆོས་སྡིངས་གྲྭ་ཚང་གི་སློབ་གཉེར་བ། འབྲི་གུང་བཀའ་བརྒྱུད་རིན་ ཆེན་གླིང་གི་སློབ་གཉེར་བ་དང་། སྔ་འགྱུར་རྙིང་མའི་དགོན་སྡེ་ཞེ་ཆེན་གྱི་སློབ་གཉེར་བ་བཅས་ ཁྱོན་སློབ་གཉེར་བ་གྲངས་༦༠༠ ཉེ་བ་མཉམ་འཛོམས་ཐུབ་པ་བྱུང་ཡོད། དེ་མིན་ད་དུང་སྲོང་བཙན་ མཐོ་སློབ་དང། རྣམ་རྒྱལ་མཐོ་འབྲིང་གཉིས་ཀྱི་སློབ་ཕྲུག་ ༣༠༠ ལ་ཉེ་བས་ཉིན་ཤས་རིང་རྩོད་ པར་མཉམ་ཞུགས་གནང་ནས་ཕན་ཚུན་རིགས་ལམ་གོ་རྟོགས་སྤེལ་རེས་གནང་ཡོད།

དེ་ཡང་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བལ་ཡུལ་ནང་པ་ཚོགས་ཆེན་གྱི་ཚོགས་གཙོ་ཀརྨ་རིན་ཆེན། དམིགས་བསལ་སྐུ་མགྲོན་རང་གཞུང་སྐུ་ཚབ་དོན་གཅོད་མཆོག་དང་༸སྐྱབས་ རྗེ་གསེར་ཀོང་རྡོ་རྗེ་འཆང། ༸སྐྱབས་རྗེ་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་དང་ཁྱབ་ཁོངས་དགོན་སྡེ་ཁག་གི་མཁན་རིན་པོ་ཆེ་དང་འགན་འཛིན་ཕྱག་མཛོད་རྣམ་པ། དགེ་བསྐོས། ཤེས་ཡོན་འགན་འཛིན། དཔེ་ཁྲིད་རྒན་ལགས། ལྷ་བཙུན་རིན་པོ་ཆེ་དང་ལོ་པཎ་རིན་པོ་ཆེ་སོགས་རིས་མེད་ཆོས་བརྒྱུད་ཁག་གི་སྐུ་ཚབ། ས་གནས་གཞིས་འགོ་ས་གནས་ཆོལ་གསུམ་གྱི་ཚོགས་གཙོ་སོགས་གཞུང་ འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་འགོ་གཙོ་རྣམ་པ། སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ།  འབྲེལ་ཡོད་བསྟན་པའི་སྦྱིན་བདག་ཁག་དང་འཇང་དགུན་ཆོས་ཀྱི་སློབ་གཉེར་བ་བཅས་ ཚོགས་ཞུགས་གྲངས་ཆིག་སྟོང་ལྷག་ལྷན་འཛོམས་ཐོག་ཐོག་མར་༸སྤྱི་ནོར་༸གོང་ས་ ༸སྐྱབས་ མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་མཆོད་སྤྲིན་སྤོས་སྣེས་སྔོན་བསུས་ཏེ་ བཞུགས་ཁྲིར་བཞུགས་སུ་གསོལ་བ་དང། ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་གྲྭ་ཚང་གི་དབུ་མཛད་ མཆོག་ནས་ཡན་ལག་བདུན་པ་མནྜལ་བཅས་དབུ་སྐུལ་གནང་བ་དང་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་སྐུ་མགྲོན་གཙོ་བོ་བཅས་ནས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མནྜལ་ རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྐུ་མགྲོན་དང་འདུས་མང་ཡོངས་ལ་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས། དེ་རྗེས་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་ཀུན་རྩེ་རིན་པོ་ཆེ་མཆོག་ནས་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་འདི་ཉིད་འཚོགས་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་མཛད། དེ་ནས་ཆུ་དབར་འགྲོ་ཕན་གླིང་གྲྭ་ཚང་གི་སྐུ་ཚབ་དགེ་བཤེས་ཐུབ་བསྟན་དཔལ་འབྱོར་ལགས་ ནས་མཚམས་འདྲིའི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་ཀརྨ་རིན་ཆེན་མཆོག་དང། རང་གཞུང་སྐུ་ངོ་དོན་གཅོད་མཆོག་ནས་ལེགས་གསོལ་གཟེངས་རྟགས་གསོལ་སྩལ་མཛད་གནང། འབྲེལ་ཡོད་བལ་ཡུལ་OLKHAD རྫོང་གི་སོ་བ་པ་ ཏི་མཆོག་ནས་བསྔགས་བརྗོད་ཀྱི་བཀའ་སློབ་གནང། དེ་ནས་ལྷན་ཚོགས་ཀྱི་དྲུང་ཆེ་ངག་དབང་ མཁས་བཙུན་ནས་ཐུགས་རྗེ་ཆེའི་གསུང་བཤད་གནང་རྗེས། སྐུ་མགྲོན་དང་འདུས་མང་ཡོངས་ལ་ ཉིན་གུང་གསོལ་ཚིགས་གཟབ་རྒྱས་ཕུལ་ནས་མཛད་སྒོ་མཇུག་སྒྲིལ་གནང།   དེ་ནས་ཉིན་གྲངས་ བཅུ་བཞིའི་རིང་སློབ་གཉེེར་བ་ཡོངས་ནས་རྩོད་པ་དང་འཛིན་གྲྭ་དམ་བཅའ། དམ་བཅའ་ཆེན་མོ་ བཅས། ཉིན་ལྟར་རྩོད་པ་ལ་འབད་བརྩོན་ལྷོད་ མེད་དང་དྭོགས་གཅོད་ཀྱི་རྩོད་པ་ལྷུག་པོར་གནང་བ་དང། དམ་བཅའ་ཆེན་མོའི་སྐབས་གྲྭ་ཚང་ཕན་ཚུན་རྩོད་པ་གཏུག་གཤེར་ནན་པོའི་ངང་སློབ་གཉེར་ བ་རྣམས་མཚན་ཉིད་རྩོད་པ་ལ་སྤྲོ་བ་དང། འབད་བརྩོན་སྔར་ལས་ལྷག་པར་འཕེལ་བའི་ཐབས་ ལམ་ཞུ་ཐུབ་པ་བྱུང། ཆོས་ཐོག་འདིའི་སྐབས་དཔེ་ཁྲིད་རྒན་བཅུ་བཞི་དང་ཆོས་ཐོག་ རྒན་པ་བཅུ། ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་དགོན་གྱི་དགེ་བསྐོས་དང། གྲྭ་ཚང་ཁག་གི་ཆོས་ཐོག་རྒན་པ་བཅས་ནས་རྩོད་པར་གཟིགས་རྟོག་ནན་པོ་གནང་བས་འཇང་དགུན་ཆོས་ཐེངས་བརྒྱད་པ་འདི་ཉིད་ སྒྲིག་འཛུགས་དང་ལྡན་པའི་ངང་ཚོགས་ཐུབ་པ་བྱུང་།

མཇུག་བསྡོམས་མཛད་སྒོའི་ཐོག་དགེ་ལྡན་བསྟན་པའི་གཙུག་རྒྱན་མཚུངས་མེད་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་རྒྱ་མཚོ་དཔལ་བཟང་པོ་མཆོག་དབུ་བཞུགྶ་སུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ་བླང་དོར་བཀའ་སློབ་བསྩལ། དེ་རྗེས་ལྷན་ཚོགས་ཀྱི་དྲུང་ཆེ་ངག་ དབང་མཁས་བཙུན་ནས་སྐབས་བརྒྱད་པའི་འཇང་དགུན་ཆོས་ཚོགས་ཡུལ་ཆུ་དབར་དགའ་ལྡན་འགྲོ་ ཕན་གླིང་གྲྭ་ཚང་གི་མཁན་བླ་དགེ་ལས་ཡོངས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་དང། ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་དགོན་གྱི་རྩིས་པ་བྱང་ཆུབ་ཆོས་འཕེལ་མཆོག་ནས་འཇང་དགུན་ཆོས་ཀྱི་རྩིས་ཁྲ་ཁམས་དྭངས་སྙན་སྒྲོན་ཞུས། དེ་རྗེས་དམ་བཅའ་ཆེན་མོར་དམ་བཅའ་འཇོག་གནང་ མཁན་དགེ་འདུན་པ་ཉེར་བརྒྱད་ལ་གཟེངས་བསྟོད་ལེགས་འབུལ་གནང་རྗེས་ལྷན་ཚོགས་ཀྱི་དྲུང་ཆེ་ མཆོག་ནས་རྒྱུན་ལས་ཡོངས་ཀྱི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞེས་ཞུས། མཇུག་ཏུ་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་དང་བཀྲ་ཤིས་ཚིགས་བཅད་འུར་འདོན་ངང་གསུངས་ནས་ཆོས་ཐོག་ལེགས་པར་མཇུག་སྒྲིལ་གནང་ངོ།།

 

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||