མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་ཚོགས་པའི་ངོ་སྤྲོད་རགས་བསྡུས།

གཅིག ཚོགས་པའི་བྱུང་རིམ།

ཕྱི་ལོ་༡༩༥༩ ལོར་ནས་བཟུང་བོད་མི་སྤྱིའི་གནས་སྟངས་ལ་ཧ་ཅང་ཛ་དྲག་གིས་འགྱུར་བ་སོང་སྟེ། གཞིས་བྱེས་གཉིས་སུ་གྱེས་པའི་རྗེས་སུ་མདོ་ཁམས་ཡུལ་ཤུལ་བའི་མངའ་ཁོངས་ཀྱི་ཡུལ་མི་ཉུང་ཤས་ཤིག་རིམ་པས་རྒྱ་བལ་འབྲུག་གསུམ་གཙོ་བོར་གྱུར་པའི་ཕྱི་ཡི་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་དུ་འབྱོར། སྐྱ་ཆད་སྔོ་སྡུག་གི་འཚོ་བ་ཧ་ཅང་སྐྱོ་བོ་འགའ་བསྐྱལ་དགོས་བྱུང་བའི་སྐབས་སུ། ཕ་ཡུལ་གཅིག་པའི་བསམ་ཡོད་ཤེས་ལྡན་རྣམས་ཀྱིས་རང་རིགས་ཀྱི་བདེ་སྡུག་ཡིད་ལ་བརྣག་ཏེ། སྔ་ཕྱི་སྐྱིད་སྡུག་གི་ཚོགས་པ་འགའ་ཞིག་གསར་དུ་ཚུགས་ཤིང་། བོད་མི་རིགས་སྤྱི་དང་ལྷག་པར་མདོ་ཁམས་ཡུལ་ཤུལ་བའི་བྱེས་འབྱོར་བ་རྣམས་ལ་ཕན་ཐོག་རྒྱ་ཆེར་བསྐྲུན་ཐུབ་པ་བྱུང་། འོན་ཀྱང་ཚོགས་པ་དེ་དག་ནི་མདོ་ཁམས་ཡུལ་ཤུལ་བ་ཐུན་མོང་གིས་གཅིག་གྱུར་ཁས་ལེན་ཐུབ་པ་ཞིག་ནི་མ་བྱུང་བར་མ་ཟད་ལྡོག་ཕྱོགས་ནས་སྤྱི་ཚོགས་སུ་ལབ་གླེང་ཡང་སྣ་ཚོགས་བྱུང་ཞིང་། གནས་སྟངས་དེ་ཡིས་དབང་གིས་ཕྱི་ཡི་མྱི་ཁ་དང་། ནང་དུ་བདག་ཉམས་གང་གི་ཆ་ནས་ཀྱང་སྤྱིར་བོད་རིགས་ཡོངས་དང་། ལྷག་པར་མདོ་ཁམས་ཡུལ་ཤུལ་བ་རྣམས་ཅི་ནས་ཀྱང་གཅིག་གྱུར་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་བསམ་བློ་ཤུགས་ཆེར་ཕྱིན། ཕྱི་ལོ་༢༠༡༥ ལོར་ཟླ་ངོ་དུ་མའི་རིང་དྲ་ཐོག་གི་ཚོགས་པར་བསྡུས་ཏེ། འཛེམ་ཟོན་མེད་པར་རང་རང་གི་ངོས་ནས་མ་འོངས་པར་བྱེས་འབྱོར་གྱི་མདོ་ཁམས་ཡུལ་ཤུལ་བ་རྣམས་ཅི་བདེ་གང་སྐྱིད་ཀྱི་ཆེད་དུ་ལབ་གླེང་དང་བཤད་སྦྱོང་ཡུན་རིང་བྱས་འབྲས། དེང་དུས་བཤད་སྟངས་ཀྱི་དབང་དུ་བྱས་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་རྫོང་ཁག་དྲུག་ཀ་ལ་ཁྱབ་ཐུབ་པའི་ཚོགས་པ་ཞིག་འཛུགས་རྒྱུ་དང་། དེ་དང་མཐུན་པའི་ཚོགས་པའི་མིང་ཞིག་ཀྱང་བཙལ་དགོས་པའི་གྲོས་ཁ་མཐུན། དེ་སྔོན་བྱུང་རབས་ཀྱི་ཉམས་མྱོང་གིས་ཚོགས་མི་ཐམས་ཅད་ཀྱི་གཅིག་གྱུར་གྱིས་ཚོགས་པའི་མིང་འདི་ཉིད་ཧ་ཅང་གལ་ཆེན་དོན་ཆེན་གྱིས་ངོས་འཛིན་དང་སྦྲགས། (མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་ཚོགས་པ།) ཞེས་པ་མིང་འདི་རྫོང་ཁག་དྲུག་ཀའི་ཚོགས་མི་མཉམ་ཞུགས་བྱས་ཏེ་རང་དབང་དམང་གཙོ་དང་མཐུན་པར་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་ཚོགས་པའི་མིང་དུ་གཏན་ཁེལ་བ་རེད། དེ་རྗེས་གོང་དང་མཚུངས་པར་མདོ་ཁམས་ཡུལ་ཤུལ་རྒྱ་ཆེ་མི་མང་གིས་མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་ཚོགས་པའི་སྐབས་དང་པོའི་རྒྱུན་ལས་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་སྒོ་ནས་འདེམས་བསྐོས་བྱས། མདོར་ན་མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་ཚོགས་པ་འདི་ནི་མི་མང་དང་བླང་གིས་བཙུགས་པའི་རང་དབང་གི་ཚོགས་པ་ཞིག་ཡིན། (འོས་འདེམས་བྱེད་མཁན་གྱི་མཚན་ཐོ་ཟུར་དུ་གསལ། )

གཉིས། ཚོགས་པའི་ངོ་བོ།

མདོ་ཁམས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་ཕྱི་སྡོད་ཡུལ་ཤུལ་བ་ཀུན་ལ་ཁྱབ་པའི་སྐྱིད་སྡུག་མཉམ་མྱོང་གི་ཚོགས་པ་ཞིག་ཡིན། གནའ་བོའི་བཤད་སྟངས་བྱས་ན་ཨ་ལྕགས་འབྲུ་ཡི་གདུང་རྒྱུད་འབྲུ་རྗེ་ནང་ཆེན་རྒྱལ་པོའི་ཤོག་ཆེན་ཡོངས་དང་། སྨུག་པོ་ལྡོང་གི་རུས་རྒྱུད་དགེ་རག་ཡུལ་གསུམ་དང་། རྨུ་ཚ་སྒ་ཡི་རུས་རྒྱུད་སྒ་པ་རུ་ཆེན་ཚོ་དྲུག་སོགས་བོད་མིའུ་གདུང་དྲུག་གི་ནང་ཚན་རུས་རྒྱུད་ཆེན་པོ་གསུམ་གྱིས་གཙོ་བོར་བཟུང་བའི་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་ཡུལ་མི་རྒྱལ་ཁམས་པ་འཛམ་གླིང་ཤར་ནུབ་གང་སར་འཁོད་པ་རྣམས་གཅིག་གྱུར་འདུ་ཤེས་ཀྱི་ལྟེ་བ་ཡོད་པའི་དཀྱིལ་འཁོར་ཆུང་ཆུང་ཞིག་ཡིན།

གསུམ། ཚོགས་པའི་དམིགས་ཡུལ།

སྤྱིར་བོད་མི་རིགས་འདི་ཉིད་གྲངས་ཀ་ཧ་ཅུང་ཉུང་བའི་མི་རིགས་ཤིག་དང་། ཤུལ་གཞག་གི་རིག་གནས་རྒྱུན་འཛིན་བླ་མེད་བྱེད་མཁན་ཞིག་རེད་ཅེས་བཤད་ཆོག དེ་ལྟར་རྩ་ཆེ་ཞིང་གྲངས་ཉུང་བའི་མི་རིགས་འདི་ལ་གོད་ཆགས་ཚབས་ཆེན་འགའ་ཞིག་ཕོག་བཞིན་ཡོད་ཅིང་། ལྷག་པར་མདོ་ཁམས་ཡུལ་ཤུལ་ནི་ས་ཁྱོན་ཧ་ཅང་ཆེ་ཞིང་མི་གྲངས་རབ་ཏུ་ཉུང་བའི་ས་ཁུལ་ཞིག་རེད། དེས་ན་ཡུལ་ཤུལ་བ་ཉུང་ངུ་ཞིག་རྒྱ་བལ་འབྲུག་གསུམ་གཙོ་བོར་གྱུར་པའི་འཛམ་གླིང་ཤར་ནུབ་གང་སར་ཁ་འཐོར་དགུ་འཐོར་རུ་གནས་ཡོད་པས་རིམ་པས་རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་དུ་མི་རིགས་གཞན་གྱི་ཁོངས་སུ་ཐིམ་ལ་ཉེ་བའི་ཚོད་དུ་གནས་ཡོད་པ་རེད། གནས་བབ་དེ་འདྲ་བ་ཞིག་གི་འོག་ནས་ཕྱི་སྡོད་ཡུལ་ཤུལ་བ་རྣམས་འཛམ་གླིང་གང་ཞིག་ཏུ་གནས་སྡོད་བྱེད་བཞིན་ཡོད་ཀྱང་། ཕན་ཚུན་ངོ་ཤེས་དང་འབྲེལ་འཐུད་ཙམ་མ་ཡིན་པར་སྐྱིད་སྡུག་མཉམ་མྱོང་དང་། ཕན་ཚུན་ལྟ་སྐྱོང་བྱེད་དགོས་པ་ནི་དམིགས་ཡུལ་གཙོ་བོར་བཟུང་ཡོད། རང་ཉིད་ས་ཁུལ་གང་ཞིག་གནས་ཡོད་མེད་ལ་མ་ལྟོས་པར་མི་རིགས་ཀྱི་སྐད་དང་གོམས་གཤིས་སོགས་ཀྱང་རང་ཉིད་ཀྱི་མི་རབས་ཚ་བརྒྱུད་དང་བཅས་པས་རྒྱུན་འཛིན་དགོས་པས་ཚོགས་པ་འདི་འདྲ་བ་ཧ་ཅང་གལ་ཆེ་བ་དང་དུས་ལ་བབ་པ་ངོས་འཛིན་བྱས་ཡོད། རྒྱུན་ལས་མི་སྣ་སུ་ཞིག་སླེབས་མིན་ལ་མ་ལྟོས་པར་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ཡུལ་ཤུལ་བ་སྤྱི་ལ་ཁྱབ་པའི་ཕྱག་ལས་གནང་སྟེ་ཉེ་རིང་དང་ཕྱོགས་ལྷུང་བྲལ་བར་མདུན་བསྐྱོད་བྱེད་རྒྱུ་དེ་ནི་ཡུལ་ཤུལ་མི་མང་གི་མངོན་འདོད་དང་། ཚོགས་པ་འཛུགས་དགོས་པའི་དམིགས་ཡུལ་ཡང་དེ་ཡིན་པར་མ་ཟད། རྒྱུན་ལས་རྣམ་པའི་རྩ་བའི་དམ་བཅའ་ཡང་ཡིན།

བཞི། ཚོགས་པའི་ལས་འཆར།

མ་འོངས་པར་མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་ཚོགས་པའི་དབུས་རྒྱུན་ལས་ཁང་དེ་རྒྱ་གར་དབུས་གཞུང་ལ་དེབ་སྐྱེལ་དང་སྦྲགས་རྒྱ་གར་གྱི་རྒྱལ་ས་དྷི་ལི་དང་། བཞུགས་སྒར་རྡ་རམ་ས་ལ་གང་རུང་ཞིག་ཏུ་སྒོ་འབྱེད་བྱ་རྒྱུ། དེ་བཞིན་དུ་རྒྱ་གར་གྱི་ས་ཁུལ་ཆེ་ཁག་དང་། བལ་ཡུལ། ཐེ་ཝན། ཡོ་རོབ། ཨ་རི་ཕྱོགས་སུ་རིམ་པས་ས་གནས་རྒྱུན་ལས་ཁང་ཟུར་དུ་འཛུགས་རྒྱུ། མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་ཚོགས་པའི་སྐབས་དང་པོའི་རྒྱུན་ལས་ཚང་འཛོམས་གྲོས་ར་ཐེངས་དང་པོ་དེ། བོད་རྒྱལ་ལོ་༢༡༤༣ རབ་གནས་མེ་སྤྲེལ་ལོའི་ཟླ་བདུན་པའི་ཚེས་༡༦ རེས་གཟའ་སྤེན་པ་ཉིན། (2016.9.17)བཞུགས་སྒར་རྡ་རམ་ས་ལར་རྒྱས་འཛོམ་གནང་རྒྱུ། བཀྲ་ཤིས་ཉི་མ་དེར་ཚོགས་མི་རྣམ་པས་ལས་ཁུར་དམ་འབུལ་དང་སྦྲགས། མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་ཚོགས་པ་དངོས་སུ་དབུ་བརྙེས་པའི་གསལ་བསྒྲགས་གནང་རྒྱུ། ཉིན་གཉིས་པར་མདོ་ཁམས་ཡུལ་སྐྱིད་སྡུག་ཚོགས་པའི་མངའ་ཁོངས་ཀྱི་གནད་ཡོད་མི་སྣ་རྣམས་གཙོ་བོར་གྱུར་པའི་སྐབས་དང་པོའི་མདོ་ཁམས་ཡུལ་ཤུལ་བའི་ཚང་འཛོམས་གྲོས་ར་བསྡུ་རྒྱུ། ཉིན་གསུམ་པར་གྲོས་གཞི་གྲོས་ཆོད་འགའ་ཞིག་གཏན་འབེབས་དང་སྦྲགས་སྐབས་དང་པོའི་མདོ་ཁམས་ཡུལ་ཤུལ་ཚང་འཛོམས་གྲོས་ར་བདེ་ལེགས་ངང་གྲོལ་རྒྱུ། དེ་ནས་ལོ་རེ་བཞིན་མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་ཚོགས་པའི་ལོ་འཁོར་ཚོགས་ཆེན་ལོ་རེ་བཞིན་དུ་བསྡུ་རྒྱུ་དང་། ལོ་རེ་བཞིན་དུ་ས་གནས་སོ་སོར་དབྱར་སྐྱིད་སོགས་རང་རང་གི་འདུག་གནས་ཀྱི་དུས་ཚོད་དང་མཐུན་པར་སྤྲོ་སྐྱིད་གནང་རྒྱུ། རྒྱུན་དུ་ལས་དོན་གང་ཞིག་བྱས་ཀྱང་མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་ཚོགས་པའི་སྒྲིག་གཞིའི་དགོངས་དོན་ལྟར་འབད་བརྩོན་བྱ་རྒྱུ་མ་ཟད། མ་འོངས་པར་མདོ་ཁམས་ཡུལ་ཤུལ་རྒྱ་ཆེའི་མི་མང་གི་སེམས་ཁམས་དང་འདོད་མོས་དང་བསྟུན་ཏེ་གོམ་པ་སྤོ་རྒྱུ། ཕྱོགས་མཚུངས་རིས་མེད་བླ་ཆེན་ཁག་ལ་བརྟན་བཞུགས་བསྟར་འབུལ་དང་། རང་ཁོངས་ཀྱི་ཉམས་ཐག་རྒན་གོག་སྐྱབས་མེད་རྣམས་ལ་རོགས་རམ་དང་། ཤེས་ཡོན་དང་མཚུངས་པའི་དཔལ་འབྱོར་གྱི་རྒྱབ་བརྟེན་མེད་པའི་ན་གཞོན་སྙིང་སྟོབས་ཅན་རྣམས་རྒྱལ་སྤྱིའི་སྡིངས་ཆ་ཐོག་ཏུ་བསྐྱོད་ཐུབ་པའི་སྐུལ་འདེད་དང་། དེ་མཚུངས་སློབ་ཡོན་སོགས་མཐུན་འགྱུར་ཅི་ནུས་སྤྲོད་རྒྱུ། སྔར་སྲོལ་བཟང་པོ་ཡོད་པ་ལྟར་མདོ་ཁམས་ཡུལ་ཤུལ་བའི་མངའ་ཁོངས་ཀྱི་ནད་པ་ཉམས་ཐག་ངོ་མ་རྣམས་ལ་ཞབས་འདེབས་བསྡུ་རུག་བྱེད་དེ་ཁ་ཙམ་མ་ཡིན་པར་དོན་ངོ་མའི་ཐོག་ནས་ཕ་ཡུལ་གཅིག་པའི་འདུ་ཤེས་དང་མཐུན་སྒྲིལ་གཅིག་སྒྲིལ་བའི་བྱ་འགུལ་འདི་ཉིད་མུ་འཐུད་དུ་རྒྱུན་སྐྱོང་རྒྱུ། དེ་མཚུངས་ཕ་ཡུལ་དུ་འབྱུང་བ་ལ་སོགས་པའི་གནོད་པ་ཚབས་ཆེན་བྱུང་ན་ཚོགས་ཆུང་ཟུར་འཛུགས་ལྟ་བུས་གང་ཅིའི་ཐད་རོགས་སྐྱོར་བྱ་རྒྱུ། དེ་བཞིན་མདོ་ཁམས་ཡུལ་ཤུལ་བའི་ཆབ་དཔལ་རིག་གསུམ་གང་ཅིའི་ཐད་འབུར་དུ་དོད་པའི་མི་སྣ་འདས་པོ་དག་གི་བྱུང་རབས་བཙལ་འཚོལ་དང་བསྡུ་བསྒྲིག་བྱ་རྒྱུ། བོད་ནང་དུ་རྒྱུན་དུ་ཆོས་དང་རིག་གཞུང་གཉིས་ཀྱི་ཐོག་ནས་དུས་དང་བསྟུན་ཏེ་ཕན་ཚུན་རྒྱུན་ལོན་དང་རམ་འདེགས་བྱེད་རྒྱུ། ལྷག་པར་ཡུལ་མི་ཕན་ཚུན་བར་དང་། དེ་བཞིན་དུ་དགོན་སྡེ། ཤོག་ཀ། ཡུལ་ལུང་ཕན་ཚུན་བར་སོགས་སུ་དམེ་འཁྲུག་དང་ཁ་མཆུ་འདོམ་དཀའ་བའི་རིགས་བྱུང་ཚེ་གང་ཅིའི་ཐད་ནས་ཁུར་མཉམ་ལེན་བྱེད་རྒྱུ།

ལྔ། ཚོགས་པའི་འབོད་སྐུལ།

དེ་ལྟར་མཐུན་སྒྲིལ་གོང་བུ་གཅིག་གྱུར་སྲོག་རྩར་བཟུང་བའི་མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་ཚོགས་པའི་ནང་དུ་ཕྱི་སྡོད་མདོ་ཁམས་ཡུལ་ཤུལ་བ་ཡོངས་རྫོགས་འཛུལ་ཞུགས་བྱེད་པའི་ཐོབ་ཐང་དང་འོས་བབ་གཉིས་ཀ་ཡོད་པས་དེབ་སྐྱེལ་མཐུན་འགྱུར་གནང་རྒྱུ་དང་། མདོ་ཁམས་ཡུལ་ཤུལ་བའི་ཆེད་དུ་བྱ་བ་ཅི་ཞིག་བརྩམས་ནའང་ཐུགས་ཁུར་དོ་སྣང་དང་། ཁུར་མཉམ་ལེན་གནང་རོགས་ཞེས་སུ་འབོད་སྐུལ་ཞུ་རྒྱུ་ཡིན། མདོ་ཁམས་ཡུལ་ཤུལ་སྐྱིད་སྡུག་ཚོགས་པའི་སྐབས་དང་པོའི་རྒྱུན་ལས་ཐུན་མོང་ནས། ཕྱི་ལོ་ 2016.9.5 ཉིན། ཀུན་ཏུ་དགེ་བར་གྱུར་ཅིག།

Share on Facebook0Tweet about this on TwitterShare on Google+5Share on LinkedIn0Email this to someone
0 commentsViews: 265

Leave a Reply