༈ སྔ་འགྱུར་རྙིང་མའི་ཆོས་སྡེ་ཡོངས་ལ་ཉམས་ཞིབ་སློབ་མ་གསར་ཞུགས་ཀྱི་གསལ་བརྡ།

ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༢ བོད་རྒྱལ་ལོ་ ༢༡༤༠ ཟླ་ ༦ ཚེས་ ༤ བདག་ཅག་གི་སྟོན་པ་སངས་རྒྱས་ནས་འཇིག་རྟེན་འདིར་འཁོར་ལྔ་སྡེ་བཟང་པོ་གཙོས་པའི་ གདུལ་བྱ་གྲངས་ལས་འདས་པར་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་ཚེས་ཤིན་ཏུ་ དགེ་བའི་ཉིན་འདིར་སྔ་འགྱུར་རྙིང་མའི་ཆོས་སྡེ་ཡོངས་ལ་གསལ་བསྒྲགས་ཞུ་རྒྱུར།

ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་ པོ་མཆོག་དང་། དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་ཞིང་གཤེགས་དམ་པ་ ༧གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་རླབས་ཆེན་ཐུགས་ཀྱི་ དགོངས་བཞེད་དང་མཐུན་པར། གཙོ་བོ་དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཆེན་པདྨ་ཤེས་རབ་ཀྱིས་གཙོས་རྣམ་གླིང་ ཆེས་མཐོའི་འགན་འཛིན་ལྷན་ཚོགས་ཀྱི་ལམ་སྟོན་བཀའ་སློབ་འོག་རྒྱ་གར་ལྷོ་ཕྱོགས་ མཻ་སོར་སྦེལ་ཀོབ་གཞིས་ཁོངས་དཔལ་གསང་ཆེན་སྔ་འགྱུར་བའི་གདན་ས་ཆེན་པོ་ཐེག་ མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཡན་ལག་སྔ་འགྱུར་མཐོ་སློབ་མདོ་ སྔགས་རིག་པའི་འབྱུང་གནས་གླིང་དུ་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་བྱ་ཡུལ་ ཉམས་ཞིབ་ཀྱི་སྡེ་ཚན་༼སྔ་འགྱུར་རྙིང་མའི་ཉམས་ཞིབ་ལྟེ་གནས་ཁང་༽ ཞེས་པ་ཕྱི་ལོ་ ༢༠༡༤ ལོ་འགོར་གསར་འཛུགས་བྱ་གཏན་འཁེལ་ཡོད།

ཉམས་ཞིབ་ལྟེ་གནས་ཁང་འདིའི་དམིགས་ཡུལ་གཙོ་བོ་ནི། དེ་སྔ་བཤད་གྲྭར་མི་ལོ་ཧྲིལ་པོ་དགུའི་རིང་མདོ་སྔགས་རིག་གནས་དང་བཅས་པར་གསན་ བསམ་གནང་ཟིན་པའི་བརྗོད་གཞི་དཀའ་གནད་ཅན་ཁག་ལ་དེང་རབས་དང་མཐུན་པར་ལོ་གསུམ་མམ་ ལྔའི་རིང་རིགས་གཅིག་རྐང་འཛིན་གྱི་ལམ་ནས་ཉམས་ཞིབ་གནང་སྟེ་ཚད་ལྡན་གྱི་བསྟན་ བཅོས་བརྩམས་མཐར། ༼རིག་པའི་ཆུ་གཏེར་༽ གྱི་༼Ph.D༽ ཕྱག་ཁྱེར་འབུལ་རྒྱུ་ཡིན། སློབ་གཉེར་གྱི་ལས་རིམ་འདིའི་ཐོག་ནས་མདོ་སྔགས་རིག་གནས་དང་བཅས་པའི་དཀའ་བའི་ གནད་དུ་མ་ཞིག་ལ་སྲོལ་རྒྱུན་ལྟར་དཔྱད་པ་གསུམ་གྱིས་གཞུང་དོན་གཏན་ལ་ཕབ་པའི་ལམ་ ལུགས་གཞིར་འཛིན་པའི་ཐོག་དེང་རབས་རྒྱལ་སྤྱིའི་མཁས་པའི་ལུགས་སྲོལ་དང་མཐུན་པར་ ཉམས་ཞིབ་ཀྱི་ཐབས་ལམ་ནང་འདྲེན་བྱས་ཏེ་གནའ་དེང་ཟུང་དུ་འཇུག་པའི་ལམ་ནས་མཁས་ དབང་ཚད་ལྡན་བསྐྲུན་རྒྱུའི་དམིགས་ཡུལ་བཟུང་ཡོད།

དེ་ཡང་ཕྱི་ལོ་ ༢༠༡༤ ལོར་ཉམས་ཞིབ་ཐེངས་དང་པོའི་ནང་དུ་འཛུལ་ཞུགས་བྱ་འདོད་མཆིས་པ་རྣམས་ནས་གཤམ་གསལ་གྱི་ཆ་རྐྱེན་ཁག་ངེས་པར་དུ་ཚང་དགོས།

༡༽ སྔ་འགྱུར་བའི་མཐོ་སློབ་ཚད་ལྡན་ནས་བསླབ་པ་མཐར་སོན་ཏེ་སློབ་དཔོན་གྱི་ཕྱག་ཁྱེར་ཐོབ་པ་རྣམས་ནས་ཕྱག་ཁྱེར་ངོ་མ་དང་འདྲ་བཤུས་གཅིག

༼ཐུགས་སྣང་དགོས་རྒྱུ་་་་་་་་་ཕྱི་ལོ་ ༢༠༡༤  ཉམས་ཞིབ་ཐེངས་དང་པོའི་ནང་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་ གླིང་དང་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་ནས་སློབ་དཔོན་ འཛིན་གྲྭ་ཐོན་པ་རྣམས་ལས་གཞན་ལ་གོ་སྐབས་འབུལ་ཐབས་བྲལ་མོད། འོན་ཀྱང་ཕྱི་ལོ་ ༢༠༡༤ ཟླ་ ༣ དང་ ༤ གཉིས་ཀྱི་ནང་བདུན་ཕྲག་གསུམ་གྱི་རིང་ལ་འཇར་མ་ནི་ཧམ་བྷག་ཆེས་མཐོའི་གཙུག་ལག་ སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་མཁས་དབང་སློབ་དཔོན་རྡོ་རྗེ་དབང་ཕྱུག་མཆོག་ ནས་ཉམས་ཞིབ་སློབ་སྦྱོང་བྱ་ཚུལ་གྱི་ཟབ་སྦྱོང་སྤྲོད་སྐབས་བཤད་གྲྭ་གཞན་ནས་ཐོན་ པའི་མཁན་སློབ་གང་མང་མཉམ་ཞུགས་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༥ ནས་བཟུང་སྔ་འགྱུར་བའི་ཆོས་སྡེ་ཐམས་ཅད་ལ་ཉམས་ཞིབ་སློབ་སྦྱོང་བྱ་རྒྱུར་གོ་ སྐབས་འབུལ་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་ནན་ཏན་ཡོད་པ་ཞུ།༽

༢༽  སློབ་གཉེར་བ་རང་ཉིད་ཀྱི་ངོ་སྤྲོད་ལོ་རྒྱུས།

༣༽ སློབ་དཔོན་ལོ་རིམ་དགུ་པའི་གྲུབ་འབྲས་ཤོག་ལྷེ།

༤༽ ཚད་ལྡན་དགེ་རྒན་གཅིག་དང་གང་ལས་ཐོན་པའི་མཐོ་སློབ་ཀྱི་རྒྱབ་གཉེར་ཡི་གེ་རེ།

༥༽ ཞིབ་འཇུག་གི་བརྗོད་གཞི་ཚད་ལྡན་ངོས་འཛིན་ཐོག་དེ་ལ་ཉམས་ཞིབ་བྱེད་དགོས་པའི་རྒྱུ་མཚན་གསལ་བའི་འབྲི་རྩོམ་ཚིག་འབྲུ་ ༥༠༠ ནས་ ༡༠༠༠ བར།

གོང་གསལ་གྱི་ཡིག་ཆ་ཁག་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༤ བོད་ཟླ་ ༩ པའི་ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་གྱི་ཉིན་མོ་ནང་ཚུད་ཉམས་ཞིབ་འགན་འཛིན་ལྷན་ ཚོགས་ལ་ཕུལ་ཟིན་པ་གནང་དགོས། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡ བོད་ཟླ་ ༡༠ པའི་ ༣༠ ཉིན་ཉམས་ཞིབ་འགན་འཛིན་ལྷན་ཚོགས་ནས་སྙན་ཞུ་ཕུལ་རིགས་རྣམས་ལ་ཞིབ་འཇུག་མཐིལ་ ཕྱིན་གནང་མཐར་ཉམས་ཞིབ་སློབ་མ་རྩེ་གྲས་ལྔའི་མཚན་ཐོ་གསལ་བསྒྲགས་བྱ་རྒྱུ་ཡིན། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༩ བོད་ཟླ་ ༢ པའི་ཚེས་ ༡༠ ནས་འོས་ཆོས་ཚང་བའི་ཉམས་ཞིབ་སློབ་གཉེར་བ་ལྔ་པོ་རྣམས་ནས་གཏན་འབེབས་བྱུང་བའི་ བརྗོད་གཞི་ཁག་ལ་ཉམས་ཞིབ་ཀྱི་ཕྱག་ལས་དངོས་གཞི་འགོ་འཛུགས་གནང་དགོས། དེ་ནས་བཟུང་སྟེ་ཉམས་ཞིབ་འགན་འཛིན་ལྷན་ཚོགས་ནས་ཞིབ་འཇུག་སློབ་མ་རྣམས་ལ་ཟླ་ རེར་སློབ་ཡོན་དང་དེ་བཞིན་ཉམས་ཞིབ་ལ་མཁོ་བའི་ཆ་རྐྱེན་ཁག་འབུལ་རྒྱུ་ཡིན།

སྔ་འགྱུར་མཐོ་སློབ་ཆེན་མོའི་ཡན་ལག་སྔ་འགྱུར་རྙིང་མའི་ཉམས་ཞིབ་ལྟེ་གནས་ཁང་ནས་ ༢༠༡༣ ཟླ་ ༧ ཚེས་ ༡༢ ཉིན།

གོང་གསལ་ཉམས་ཞིབ་ཀྱི་ལས་རིམ་འདི་དང་འབྲེལ་བའི་གནས་ཚུལ་མཁྱེན་འདོད་ཡོད་པ་རྣམས་ནས་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་སྐྱོང་ཡོད་པ་ཞུ།

NGAGYUR NYINGMA RESEARCH CENTRE

Research Department

NGAGYUR NYINGMA INSTITUTE

P.O. BYLAKUPPE – 571104

MYSORE DISTRICT, KARNATAKA STATE, SOUTH INDIA

CELL NO. +91-9980266417