༡༩༤༩ ལོར་བརྒྱབ་པའི་བོད་ཀྱི་པར་ཁག་ཅིག་འགྲེམས་སྟོན།

ཟླ་འདིའི་ཚེས་༧ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ལོ་ཝིལ་ཐོ་མ་སེ་(Lowell Thomas)ཕ་བུ་གཉིས་༡༩༤༩ ལོར་བོད་དུ་བསྐྱོད་པའི་པར་གྱི་འགྲེམས་སྟོན་དབུ་འབྱེད་བྱས་པ་དང། པར་རིས་དེ་དག་ལས་བདེམས་སྒྲུག་བྱས་པའི་དེབ་ཆུང་ཞིག་ཀྱང་འགྲེམས་སྤེལ་བྱས་སོང།

hjku890འགྲེམས་སྟོན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དབུས། པར་པ་ལོ་ཝིལ་ཐོ་མ་སེ་ཆུང་བའི་བུ་མོ་ཨེ་ནིས་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་ཅིག་ཕེབས་ཡོད་པ་རེད།

བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་ཀྱིས་འགྲེམས་སྟོན་དང་འབྲེལ་ནས་གསུང་དོན། ཕྱི་ལོ་༡༩༤༩ ལོར་ལོ་ཝིལ་ཕ་བུ་གཉིས་བོད་ལ་ཕྱིན་ཡོད་པ་རེད། ཕ་དེ་རླུང་འཕྲིན་བཀོལ་སྤྱོད་བྱེད་མཁན་དང་བུ་ པར་པ་ཡིན་པས། ཁོང་གིས་ཕྱི་ལོ་༡༩༤༩ ཡི་བོད་ཀྱི་གནས་སྟངས་པར་ཤིན་ཏུ་མང་པོ་བརྒྱབ་འདུག པར་དེ་ཚོ་ད་བར་དངོས་སུ་འགྲེམས་སྟོན་བྱས་མེད་པ་མ་ཟད། མི་མང་པོ་ཞིག་གིས་དེ་དག་མཐོང་མྱོང་མེད་པ་ཡིན་པས། ང་ཚོས་ཁོང་དང་འབྲེལ་བ་བྱས་ནས་པར་༡༠༣ ཡི་འགྲེམས་སྟོན་གྲ་སྒྲིག་བྱས་པ་ཡིན། པར་རིས་དེ་ཚོར་བལྟས་ན། དེའི་ནང་ཁོང་གཉིས་བོད་ལ་འགྲོ་ཆོག་པའི་ལག་ཁྱེར་གྱི་པར་རིས་ཡང་ཡོད་པས། དེ་དག་ལས་ཕྱི་ལོ་༡༩༥༩ ཡི་སྔོན་དུ་ང་ཚོ་བོད་དེ་རང་བཙན་གཙང་མ་ཡིན་པ་ཡང་གསལ་པོ་སྟོན་ཐུབ་ཀྱི་རེད་ཅེས་གསུངས་སོང།

ལོ་ཝིལ་ཆུང་བའི་བུ་མོ་ཨེ་ནེས་ཀྱིས་འགྲེམས་སྟོན་དང་འབྲེལ་ནས་གསུང་དོན། ང་རང་གི་པཱ་ལགས་ལོ་༩༢ ཡིན་པ་དང་དེ་རིང་ཁོང་གི་སྐྱེས་སྐར་རེད། ཁོང་འགྲིམ་འགྲུལ་བྱེད་ཐུབ་ཀྱི་མེད་པས། ངས་དེ་རིང་ཞོགས་པར་ཁོང་ལ་འགྲེམས་སྟོན་གྱི་སྐོར་ལ་ཁ་པར་བཏང་བས། ཁོང་ཤིན་ཏུ་དགའ་པོ་བྱུང་འདུག ཕྱི་ལོ་༡༩༤༩ ལོར་ངས་པོ་པོ་དང་པཱ་ལགས་གཉིས་བོད་ལ་ཕྱིན་ཡོད་པ་དང། ཁོང་གཉིས་ཚུར་ལོག་ཡོང་སྐབས། ༧གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ལ་བཏང་བའི་ཡི་གེ་ཞིག་ཁྱེར་ནས་ཡོང་བ་རེད། ཡི་གེ་དེའི་ནང་བོད་དེ་རང་བཙན་གཙང་མ་ཡིན་སྐོར་བཀོད་ཡོད་པ་རེད། ང་རང་གི་ནང་མིས་པར་རིས་དེ་དག་བརྒྱུད་བོད་ཀྱི་ལོ་རྒྱུས་བཤད་ཐུབ་ཀྱི་ཡོད་པ་དེར་ཤིན་ཏུ་དགའ་པོ་བྱུང་བས། ང་རང་མ་འོངས་པར་བོད་ཀྱི་དཔེ་མཛོད་ཁང་དང་མཉམ་ལས་ཐོག། ཐོག་མར་བོད་པའི་སློབ་གྲྭ་ཁག་དང་། རྗེས་སུ་འཛམ་གླིང་གང་སར་འགྲེམས་སྟོན་བྱེད་འཆར་ཡོད་ཅེས་འགྲེལ་བརྗོད་གནང་སོང། དེ་བཞིན་གསར་འགོད་པའི་དྲི་བ་ཞིག་གི་ལན་དུ། ཁོང་གི་པར་རིས་དགའ་ཤོས་དེ་ནི་༧གོང་ས་མཆོག་གསེར་ཁྲི་ལས་བཞད་མོ་བཞད་བཞིན་ཡོད་པ་དེ་ཡིན་ཞེས་ལན་འདེབས་གནང་སོང།
འགྲེམས་སྟོན་དེ་ཟླ་འདེའི་ཚེས་༢༡ བར་ཡོད་པ་རེད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།