དྷ་སར་རྒྱ་གར་ཡུལ་མི་དང་བོད་མིའི་ཁོར་ཡུག་གཙང་བཟོའི་ལས་འགུལ།

ཟླ་འདིའི་ཕྱི་ཚེས་༢༡ ཉིན་སྔ་དྲོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག དྷ་ས་མེག་གྷན་ཁྲོམ་དཀྱིལ་དུ་རྒྱ་གར་ཡུལ་མིའི་ཁྲོད་དུ་བོད་དོན་གོ་རྟོགས་ཡོང་ཐབས་སུ་མི་མང་དཀྱུས་མར་གཏམ་བཤད་ལས་འགུལ་ཞིག་དང་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་སོང་།

14800767_257862047949191_1829186185_nལས་འགུལ་ནང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེན་སིན་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས། དེ་བཞིན་དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འགན་འཛིན་གཉིས་བཅས་ཕེབས་ནས་རིམ་པས་གཏམ་བཤད་གནང་སོང་ལ། དྷ་ས་ས་གནས་བདེ་དོན་གྱི་ཁོངས་གཏོགས་ཁོར་ཡུག་བདེ་ཚན་ཁོར་ཡུག་གཙང་བཟོའི་ལས་འགུལ་ནང་མཉམ་ཞུགས་བྱས་སོང་།

ཐོག་མར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇན་སིན་གྱིས་“༧གོང་ས་མཆོག་གིས་བཀའ་གནང་བ་བཞིན་ཕྱིའི་ཁོར་ཡུག་ཙམ་མ་ཡིན་པར། སྒོ་གསུམ་གྱི་སྤྱོད་པ་གཙང་མ་ཉར་རྒྱུ་གལ་ཆེན་པོ་རེད། མ་ཚད་ཧི་མ་ཅལ་ས་ཁམས་མཐོ་བས་ལྷ་ཀླུ་གནས་སའི་ཡུལ་ཡིན་པས་ཆང་རག་དང་དུག་རྫས་ཀྱི་རིགས་སྤྱོད་རྒྱུ་འོས་འཚམས་ཡོད་མ་རེད།”ཅེས་སོགས་གསུངས་སོང་ལ།

མཇུག་ཏུ། ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས། མེག་གྷན་ཁྲོམ་དཀྱིལ་དུ་བོད་དོན་གོ་རྟོགས་ཀྱི་གཏམ་བཤད་ལས་འགུལ་གོ་སྒྲིག་གནང་བའི་དགོས་པ་དང་འབྲེལ་ནས་གསུང་དོན་དུ། “ཚོགས་ཁང་ནང་ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་དོན་གོ་རྟོགས་ཀྱི་སྐོར་བགྲོ་གླེང་མང་པོར་བྱས་ཡོད་རེད། རྟག་པར་ཚོགས་ཁང་ནང་དང་། དགོན་སྡེ་ཁག སློབ་གྲྭ་ཁག་ནང་གཏམ་བཤད་བྱེད་པ་གཅིག་པུ་མིན་པར། དེ་རིང་འདིར་མི་མང་དཀྱུས་མར་བོད་དོན་གོ་རྟོགས་ཡོང་ཐབས་སུ་ང་ཚོས་སུམ་མདོ་སྒང་ལ་གཏམ་བཤད་གོ་སྒྲིག་བྱས་པ་རེད། དེ་མ་གཏོགས་ཁོང་ཚོ་ཡོང་ཐུབ་ཀྱི་ཡོད་མ་རེད་”ཅེས་དང་།

དེ་བཞིན་ཁོང་གིས་རྒྱ་གར་ཡུལ་མིར་བོད་དོན་རྒྱབ་སྐྱོར་གྱི་རེ་སྐུལ་དང་སྦྲགས་གསུང་དོན་དུ་“འཛམ་བུ་གླིང་གིས་བོད་དོན་གྱི་སྐོར་ལ་དོ་སྣང་བྱས་ནས་རྟོག་ཞིབ་དང་། ཉམས་ཞིབ་བྱེད་ཀྱི་ཡོད་རེད། འདིར་འཁྲིས་ལ་ཡོད་མཁན་ཚོས་བོད་ཀྱི་རྩ་དོན་སྐོར་ལ་དོ་སྣང་མེད་པར། གནས་ཚུལ་ཆུང་ཆུང་ལ་རྙོག་གྲ་ཆེན་པོ་མཐོང་ནས་ཧོན་འཐོར་གྱི་ཡོད་རེད། ང་ཚོ་འདིར་མི་ཚེ་གང་པོར་བསྡད་སར་སླེབས་ཡོད་མ་རེད། འཛམ་བུ་གླིང་གི་མིས་རྒྱལ་བ་རིན་པོ་ཆེ་མཇལ་ནས། ཐུགས་ཀྱི་དགོངས་བཞེས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད། དངོས་གནས་བྱས་ན་ཡུལ་མི་ཚོས་བོད་དོན་གྱི་སྐོར་ལ་གོ་རྟོགས་ཡོད་པའི་ཐོག་ནས་དང་པོ་ཁྱོད་རང་ཚོ་རྒྱབ་སྐྱོར་བྱེད་ཀ་ཡོང་དགོས་རེད། རྒྱབ་སྐྱོར་གནང་རོགས་གནང་། བོད་དོན་རྒྱབ་སྐྱོར་དེ་མཁས་པ་དང་ལས་ཁུངས་ནང་སྡོད་མཁན་གཅིག་པུ་ས་ནས་མིན་པར། ཚལ་བཙོང་མཁན་དང་། སྐྲ་བཞར་མཁན། ལྷམ་བཟོ་བ། ཇ་ཁང་། ཟ་ཁང་། ཚོང་ཁང་། མགྲོན་ཁང་སོགས། ཚང་མ་ས་ནས་དགོས་པ་ལས། རྐུབ་སྟེགས་ཡོད་མཁན་གཅིག་པུའི་རྒྱབ་སྐྱོར་དགོས་པ་མ་རེད། བོད་ནང་ནས་རང་ལོ་༡༥ ཡན་ནས་༦༥ མན་གྱི་བོད་མི་མང་པོས་བོད་ཀྱི་རྩ་དོན་དང་། ཁོར་ཡུག་སྲུང་སྐྱོབ། བོད་མི་རིགས་སྲུང་སྐྱོབ་ཀྱི་དོན་དུ་རང་ལུས་མེར་སྲེག་གཏོང་གི་ཡོད་རེད། ང་ཚོ་ཉལ་བསྡད་ཡོད་མ་རེད། ང་ཚོས་འཛམ་བུ་གླིང་ག་ས་ག་ལ་བསྙབ་པ་བྱེད་ཀྱི་ཡོད་རེད། བྷེལ་རྗམ་དུ་འཛམ་བུ་གླིང་གིས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འཚོགས་སྐབས། བོད་པའི་དོན་དག་ལ་ག་རེ་བྱེད་རྒྱུ་འདུག་ཟེར་ནས། འཛམ་གླིང་གི་རྒྱལ་ཁབ་༥༠ ནས་མི་༢༥༠ འགྲོ་སོང་སོ་སོ་སྒེར་གྱིས་བཏང་ནས་སླེབས་པ་རེད། དེར་བརྟེན་འདིར་ཡོད་མཁན་རྒྱ་གར་མི་མང་གིས་བོད་པའི་རྩ་དོན་ཐོག་ཤུགས་རྒྱག་དགོས་ཀྱི་འདུག ཁྱོད་རང་ཚོ་འདིར་ཡོད་མཁན་ཚོས་མགྲིན་ཚབ་པ་བྱས་ནས་དེ་བརྗོད་རོགས་གནང་”ཞེས་གསུངས་སོང་།

14805541_257862057949190_1483684284_nདེ་བཞིན་ཁོང་གིས་“༡༩༥༩ ལོར་བོད་ནང་རྒྱ་མིས་བཙན་འཛུལ་བྱས་ནས་༡༩༦༢ ལོར་རྒྱ་གར་ནང་དོན་རྐྱེན་བྱུང་ཡོད་རེད། རྒྱ་གར་གྱི་རང་དབང་འཐབ་རྩོད་པ་སི་ཝ་མི་ཝེ་ཝི་ཀ་ནན་ཌས་(Swami Vivekananda) ཕྱི་ལོ་༡༩༠༢ ལོར་རྒྱ་མི་དེ་གཉིད་ཉལ་མཁན་གྱི་འདྲེ་རེད། འདྲེ་དེ་ལངས་ན་འཛམ་བུ་གླིང་ཡོངས་རྫོགས་ལ་དཀའ་ངལ་སྤྲད་ཀྱི་རེད་ཅེས་གསུངས་ཡོད་རེད། གཞན་རྒྱ་གར་གྱི་མཁས་དབང་ཧ་ཅང་མང་པོས་བོད་ཀྱི་གནས་ཚུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་གནད་འགག་རེད་ཅེས་གསུངས་ཡོད་རེད། ” ཅེས་དང་། “རྒྱ་གར་ཡུལ་མི་ཚོས་རྒྱལ་བ་རིན་པོ་ཆེར་དངོས་གནས་དྭངས་དད་གུས་གསུམ་ཡོད་ན། རྒྱལ་བ་རིན་པོ་ཆེའི་ཐུགས་ཀྱི་དགོངས་པ་ག་རེ་ཡིན་མིན་ཤེས་པའི་ཐོག་ནས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་རོགས། ང་ཚོའི་དམིགས་ཡུལ་གཙོ་བོ་དེ་བོད་ལ་ཕར་ལོག་ཐུབ་པ་བྱེད་རྒྱུ་དེ་རེད། ང་ཚོར་འདིར་གཏན་འཇགས་མ་རེད། ང་ཚོ་བཙན་བྱོལ་དུ་སླེབས་ནས་རྒྱ་གར་གྱིས་མཐུན་རྐྱེན་མང་པོ་སྦྱར་ཡོད་པས་རྒྱ་གར་གཞུང་མང་གཉིས་ཀར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་”ཅེས་གསུངས་སོང་།

ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱི་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ཟླ་༡༠ ཕྱི་ཚེས་༢༡ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པས་ཆབ་སྲིད་གོ་རྟོགས་ཀྱི་ལས་འགུལ་སྤེལ་དགོས་དོན་ནི། ཕྱི་ལོ་༡༩༤༩ ཟླ་༡༠ ཚེས་༡ ཉིན་རྒྱ་གཞུང་གིས་སྲིད་ཇུས་འཐེན་ནས། ཚེས་༧ ནས་བཙན་འཛུལ་འགོ་འཛུགས་ཀྱིས་༡༩༥༩ ལོར་བོད་ལ་དོན་རྐྱེན་བྱུང་ཡོད་པ་དང་། ཕྱི་ལོ་༡༩༦༢ ལོའི་ཕྱི་ཟླ་༡༠ ཚེས་༢༠ ནས་༢༡ ལ་རྒྱ་གར་ཧི་མ་ལ་ཡ་ཡོངས་རྫོགས་རྒྱ་གཞུང་གིས་བཙན་གནོན་བྱས་ནས་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་བྱུང་སྟེ། ཕྱི་ཟླ་༡༡ ཚེས་༡༤ ལ་རྒྱ་གར་གྱིས་གྲོས་ཆོད་འཇོག་དགོས་བྱུང་བ་བཅས་ཡིན་པ་རེད་འདུག
དེ་རྗེས་རྒྱ་གར་ཡུལ་མི་དང་བོད་མི་ཚོས་ཁོར་ཡུག་གཙང་བཟོས་ལས་འགུལ་སྤེལ་ཡོད་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།