༢༠༡༥ ལོར་བཙན་བྱོལ་བོད་མིའི་ནང་དོ་སྣང་ཆེན་པོ་བྱུང་སའི་གསར་འགྱུར་ཁག་ཅིག
༢༠༡༥ ལོའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་མང་གིས་དོ་སྣང་ཆེན་པོ་བྱུང་སའི་གསར་འགྱུར་ཁག་ཅིག
ཕྱི་ཟླ་༡
༡༽ ཕྱི་ཟླ་༡ ཚེས་༢ ཉིན་རྒྱ་གར་གྱི་གྷུ་ཇི་ར་ཏི་མངའ་སྡེའི་གྲོང་ཁྱེར་དུ་ཡོད་པའི་(Shree Ramkrishna Exports) ཞེས་པའི་ཕ་ལམ་ཕྱིར་ཚོང་བཟོ་ལས་ཐེབས་རྩ་ཁང་གིས། ༧གོང་ས་མཆོག་གི་འཛམ་གླིང་ནང་ཞི་བདེ་གོང་སྤེལ་གཏོང་ཐབས་ཀྱི་མཛད་འཕྲིན་ལ་ཆེ་མཐོང་ཞུ་ཆེད། སན་ཏོག་བྷ་དྲན་རྟེན་(Santokbaa Memorial Award) ཞེས་པའི་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་ཕུལ་ཡོད་པ་རེད།
ཕྱི་ཟླ་༢
༢༽ ཕྱི་ཟླ་༢ ཚེས་༧ ཉིན་དྷ་སར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་༢༠༡༤ ལོའི་ཆབ་སྲིད་བཙོན་པའི་མིང་ཐོའི་རེའུ་མིག་ནང་། དེང་སྐབས་རྒྱ་ནག་གི་བཙོན་འོག་ཏུ་གནས་སྡོད་བོད་མི་ཆབ་སྲིད་བཙོན་པ་༢༡༡༠ ཡོད་པ་དང་། དེའི་ནང་ཕྱི་ལོ་༢༠༡༤ ལོ་གཅིག་པུར་བཙོན་འཇུག་ཁྲིམས་ཐག་བཅད་པའི་བཙོན་པ་༡༣༧ ཡོད་པའི་སྙན་ཐོ་བཏོན་ཡོད་པ་རེད།
ཕྱི་ཟླ་༣
༣༽ ཕྱི་ཟླ་༣ ཚེས་༡༠ ཉིན་བོད་ལ་རྒྱ་ནག་གི་དབང་བསྒྱུར་བྱས་པར་མི་མང་གིས་ངོ་རྒོལ་ཡར་ལངས་བྱས་པའི་དུས་དྲན་གྱི་ཉིན་མོ་ཡིན་པ་དང་། བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་དུས་དྲན་འདི་སྲུང་བརྩི་བྱས་ཏེ། འདི་ལོར་ཐེངས་༥༦ པ་དེ་ཆགས་ཡོད་ནའང། ད་ལྟ་དུས་དྲན་སྲུང་བརྩི་བྱེད་ཕྱོགས་སྐོར་ལ་བསམ་ཚུལ་ཡང་འདྲ་མིན་ཡོང་གི་ཡོད་པ་རེད།
ཨ་རིའི་ནིའུ་ཡོག་ཏུ་བོད་མིའི་གསུམ་བཅུའི་དུས་དྲན་ལས་འགུལ་སྤེལ་བཞིན་པའི་སྐབས། ལས་འགུལ་གོ་སྒྲིག་པ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག ས་གནས་བུད་མེད་ཚོགས་པ་བཅས་ཀྱིས་རང་བཙན་འབོད་ཚིག་བསྒྲགས་ཆོག་མིན་དང་། རང་བཙན་གྱི་འཕྲེད་དར་འཕྱར་ཆོག་མིན་སྐོར་བརྗོད་དེ། བོད་མི་ལས་འགུལ་བའི་ནང་རྩོད་གླེང་བྱུང་ཡོད་པ་རེད།
༤༽ ཕྱི་ཟླ་༣ ཚེས་༡༦ ཉིན་སྐབས་༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་དུས་༩ པ་དེ་དབུ་འཛུགས་གནང་བ་དང། གྲོས་ཚོགས་ཉིན་གྲངས་༡༣ རིང་ཕྱི་ལོ་༢༠༡༥།༢༠༡༦ ལོའི་སྔོན་རྩིས་གཏན་འབེབས་གནང། ཟླ་འདིའི་ཚེས་༡༩ ཉིན་སྟེ་གྲོས་འཚོག་བཞིན་སྐབས། ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་ཁོང་ལ་མི་བསད་པའི་ཉེས་འཛུགས་བྱེད་ཀྱི་འདུག་ཅེས། ཚོགས་གཙོའི་ལས་གནས་ལས་དགོངས་པ་ཞུས་ཡོད་ན་ཡང་། ཕྱི་ཉིན་བསྐྱར་དུ་ཚོགས་གཙོས་ལས་རིམ་གཙོ་སྐྱོང་གནང་སོང། ཕྱི་ཟླ་༣ ཚེས་༢༨ ཉིན་གྱི་སྔ་དྲོ་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཉིན་མཐའ་མའི་སྐབས། ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་ཞེས་གྲོས་ཚོགས་ཀྱི་མདུན་དུ་ཇོ་ནང་པ་ལྔ་བཅུ་སྐོར་ཞིག་གིས་ཞི་འབོད་བྱས་ཡོད་པ་རེད།
ཕྱི་ཟླ་༤
༥༽ ཕྱི་ཟླ་༤ ཚེས་༢༠ ཉིན་༸གོང་ས་མཆོག་དང་ཡེ་ཤུའི་བླ་ཆེན་ཌེ་སི་མོན་ཊུ་ཊུ་མཆོག་རྣམ་གཉིས་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་དུ། སེམས་ནང་ལ་སྤྲོ་སྣང་ཇི་ལྟར་འཆར་ཐུབ་མིན་དང་དེའི་རྒྱུ་རྐྱེན་གང་ཡིན་སྐོར་སོགས་ལ་བགྲོ་གླེང་མཛད་པ་ཕྱོགས་སྒྲིག་དཔེ་དེབ་འདོན་རྒྱུའི་ལས་གཞི་དབུ་འཛུགས་གནང།
ཕྱི་ཟླ་༥
༦༽ ཕྱི་ཟླ་༥ ཚེས་༢༣ ཉིན་ཏེ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་རྒྱ་བོད་བར་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་དགོས་བྱུང་བའི་ཉིན་མོ་དང་སྟབས་བསྟུན། བོད་མི་ལས་འགུལ་བ་ཁག་ཅིག་གི་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གི་ཚོགས་ཁང་དུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཞིག་འཚོགས་ཡོད་པ་རེད།
༧༽ ཕྱི་ཟླ་༥ ཚེས་༡༠ ཉིན་དབུས་འོས་བསྡུ་ལས་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་འོས་བསྡུ་དང་འབྲེལ་བའི་གསལ་འགོད་གསལ་བསྒྲགས་ཤིག་སྤེལ།
ཕྱི་ཟླ་༦
༨༽ ཕྱི་ཟླ་༦ པའི་ཚེས་༢༡ ཉིན་གྱི་སྔ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ། དབུས་བོད་མིའི་སྒྲིག་འཛུགས་དང་རི་བོ་དགེ་ལུགས་པ། མདོ་སྨད་ཆོལ་ཁ་བཅས་ཐུན་མོང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་ཕུལ་བ་དང་། ༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་པའི་གཞུང་འབྲེལ་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་རེད།
ཕྱི་ཟླ་༧
༩༽ ཕྱི་ཟླ་༧ ཚེས་༣ ཉིན་བོད་རང་བཙན་འཐབ་རྩོད་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་ཁོང་སྲིད་སྐྱོང་དུ་ལངས་པའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།
ཕྱི་ཟླ་༨
༡༠༽ ཕྱི་ཟླ་༨ ཚེས་༣༡ ཉིན་༧གོང་ས་མཆོག་གིས་རྒྱ་གར་རྡོ་རྗེ་གདན་དུ་༢༠༡༦ ལོའི་ཕྱི་ཟླ་༡ པོའི་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་འཆར་ཡོད་པ་དེ། སྐུའི་མཛད་བྲེལ་ལ་བརྟེན་ནས་ཕར་འགྱངས་བྱེད་དགོས་བྱུང་བའི་གསལ་བསྒྲགས་བཀའ་ཤག་གིས་གནང་ཡོད་པ་རེད།
ཕྱི་ཟླ་༡༠
༡༡ ༽ ཕྱི་ཟླ་༡༠ ཚེས་༡༨ ཉིན་བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་རྒྱལ་ཁབ་ཚང་མའི་ནང་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་བྱས་ཡོད་པ་དང་། དྷ་སར་མཚོན་ན་མི་མང་འདུ་འཛོམས་བྱེད་བདེ་སའི་ས་ཚིགས་མང་པོར་འོས་འཕེན་ས་གྲ་སྒྲིག་བྱས་ཡོད་པ་རེད།
ཕྱི་ཟླ་༡༢
༡༢༽ ཕྱི་ཟླ་༡༢ པའི་ཚེས་༡༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྐབས་༡༣ པའི་ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཁང་དེ་བཞིན་བློ་ཕམ་ཆེན་པོའི་ངང་གནས་སྐབས་སྒོ་རྒྱག་རྒྱུ་དང་། སྤྱི་ལོ་ ༢༠༡༦ ཟླ་བ་༡ ཚེས་༢༠ གོང་དུ་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ལྷན་གྱི་རྒྱུ་དབང་ཡོངས་རྫོགས་ཆད་ལུས་མེད་པར་བར་བརྒལ་འབྲེལ་མཐུད་པར་རྩིས་སྤྲོད་དགོས་ཞེས་བརྗོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།