༢༠༡༦ ལོའི་བཙན་བྱོལ་བོད་མིའི་ནང་གི་གསར་འགྱུར་ཆེན་པོ་བཅུ།

 

༡) ཟླ་༡ ཚེས་༡ ཉིན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བཀྲ་ཤིས་ལྷུན་པོར་དད་ལྡན་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་བ་དང་། མགོན་པོ་གང་ཉིད་སྐུ་ཚེ་ཡུན་དུ་བརྟན་ཕྱིར་ལམ་རིམ་གོ་སྒྲིག་ཚོགས་ཆུང་དང་ལྷོ་གཞིས་ཁག་བཅས་ཐུན་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུས་འདུག

༢) ཕྱི་ཟླ་༢ ཚེས་༣ ཉིན་དྷ་སར། དབུས་འོས་བསྡུ་ལས་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་དངོས་གཞིའི་འོས་མི་གཏན་འབེབས་གསལ་བསྒྲགས་བྱས། སྲིད་སྐྱོང་འོས་མིར་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་གཉིས་བཏོན་ཡོད་པ་རེད། འོས་བསྡུ་ཆེན་མོའི་སྔོན་འགྲོ་སྐབས་བོད་རང་བཙན་འཐབ་རྩོད་པ་ཨ་ཚོགས་ཀླུ་མཁར་འོས་གྲངས་ཨང་གསུམ་པ་ཡིན་པས། ཁོང་དངོས་གཞིའི་འོས་ཁོངས་སུ་འཇོག་དགོས་པའི་རེ་སྐུལ་བྱེད་མཁན་མང་པོ་བྱུང་ཡོད་ནའང་། དབུས་འོས་བསྡུ་ལས་ཁང་གིས་ངོས་ལེན་བྱས་མེད་པར་བརྟེན། ཚེས་༤ ཉིན་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་འོས་བསྡུ་ལས་ཁང་གིས་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ལ་སྡིངས་ཆ་མ་སྤྲད་པ་ཡིན་པའི་གསལ་བསྒྲགས་སྤེལ།

༣) ཟླ་༢ པའི་ཚེས་༢༨ ཉིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་གློ་བུར་དུ་དགོངས་པ་ཞུས་ཡོད་པ་དང་། ཉིན་དེར་མོས་འོས་བསྡུའི་ཁ་ཕྱོགས་ལ་བློ་ཕམ་ཐོག་ནས་དགོངས་པ་ཞུ་ཡི་ཡོད་སྐོར་བརྗོད་ཡོད་པ་རེད། དགོངས་ཞུ་དེ་འོས་བསྡུ་ལ་ཤུགས་རྐྱེན་སྤྲོད་ཐབས་བྱས་པ་ཡིན་སྐོར་གྱི་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཁར། རྗེས་སུ་གྲོས་ཚོགས་ནང་དགོངས་ཞུ་བྱེད་སྟངས་དེར་སྐྱོན་བརྗོད་བྱེད་མཁན་བྱུང་བ་རེད།

དེ་བཞིན་ཟླ་༤ པའི་ཚེས་༦ ཉིན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱིས་ལས་གནས་དེར་འགན་མ་ཁྱོག་ནས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་པ་ཡིན་སྐོར་གསར་འགོད་པ་ཚོར་བརྗོད་པ་དང་། དེ་ཡང་ཁོང་གིས་སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་སློབ་ལྗིད་པོ་ཕེབས་པ་དང་། དེ་བཞིན་སྐབས་༡༥ པའི་གྲོས་ཚོགས་ཚོགས་དུས་མཐའ་མའི་རྗེས། གཏང་རག་གི་མཇལ་འཕྲད་སྐབས་འོས་བསྡུའི་བརྒྱུད་རིམ་དང་འབྲེལ་ནས་༧གོང་ས་མཆོག་གི་དགོངས་པ་དཀྲུག་པ་སོགས་ཀྱིས་བཀའ་ལུང་ལྗིད་པོ་ཕེབས་པར་བརྟེན། འགན་ཁུར་མ་ཐུབ་པའི་གནས་སྟངས་ཀྱི་རྡོག་ཁྲེས་སེམས་ནང་ཡོད་པས། བཟང་སྤྱོད་ཐོག་ནས་དགོངས་པ་ཞུས་པ་ཡིན་སྐོར་བརྗོད་ཡོད་པ་རེད། འོན་ཀྱང་ཟླ་༥ པའི་ཚེས་༣༡ ཉིན་ཁོང་ལྡི་ལིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་པར་ཁོང་གིས་འགན་བླངས་ཡོད་པ་རེད།

dorjee༤) ཟླ་༢ པའི་ཚེས་༢༩ ཉིན་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་དུ་བོད་མི་ན་གཞོན་ལོ་༡༦ ཡིན་པ་རྡོ་རྗེ་ཚེ་རིང་གིས་བོད་དོན་ཆེད་རང་ལུས་མེར་སྲེག་གནང་ནས། ཟླ་༣ པའི་ཚེས་༣ ཉིན་རྒྱལ་ས་ལྡི་ལིའི་སྨན་ཁང་དུ་སྐུ་གྲོངས་ཡོད་པ་རེད།

༥) ཟླ་༣ པའི་ཚེས་༡༠ ཉིན་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་གཞུང་མང་གཉིས་ནས་གསུམ་བཅུའི་དུས་དྲན་ཐེངས་༥༧ པ་དེ་སྲུང་བརྩི་བྱས་པ་དང་། ཉིན་དེར་རྒྱལ་ཁབ་མང་པོར་བོད་མི་ཚོས་རྒྱ་ནག་གི་གཞུང་ཚབ་ཏུ་ངོ་རྒོལ་བྱས་ཡོད་པ་རེད།

 

༦) ཕྱི་ཟླ་༣ པའི་ཚེས་༢༠ ཉིན་བཙན་བྱོལ་ནང་གི་བོད་མི་ཚོས་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་བྱས་ཡོད་པ་དང་། ཟླ་༤ པའི་ཚེས་༢༧ ཉིན་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལ་འོས་ཐོབ་པའི་གསལ་བསྒྲགས་སྤེལ།

༧) ཟླ་༤ པའི་ཚེས་༢ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྒྱལ་ཡུལ་ཆེན་མོའི་དྲན་རྟེན་གྱི་རྐང་སྤོལ་འགྲན་བསྡུར་ཐེངས་༢༢ པ་དེ་འགོ་བྱས་པ་དང་། མཐའ་མའི་རྒྱལ་ཁ་དེ་སྦེལ་ཀོབ་གཞིས་ཆགས་རུ་ཁག་ལ་ཐོབ་ཡོད་པ་རེད།

༨) ཟླ་༦ པའི་ཚེས་༡ ཉིན་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོ་དེ་འཚོགས་པ་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་མི་གཅིག་འདེམས་ཐོན་མ་ཐུབ་པར། མཁན་པོ་བསོད་ནམས་བསྟན་འཕེལ་དང་། པདྨ་འབྱུང་གནས་གཉིས་ལོ་གཉིས་དང་ཕྱེད་ཀ་རེར་ཚོགས་གཙོའི་ལས་ཁུར་བྱེད་རྒྱུར་ཐག་གཅོད་བྱུང་བ་དང་། ཚོགས་གཞོན་དུ་ཨཅརྱ་ཡེ་ཤེས་ཕུན་ཚོགས་འདེམས་ཐོན་བྱུང་། དེ་བཞིན་སྐབས་དེར་སྲིད་སྐྱོང་གིས་བཀའ་བློན་འོས་མི་རྣམ་གྱི་མིང་འདོན་བྱས་ནས། འོས་མི་ཚང་མར་མང་མོས་རྒྱབ་སྐྱོར་ཐོག་འོས་འདེམས་བྱུང་ཡོད་པ་རེད་དེ། བཀའ་བློན་འདེམས་ཐོན་ཤར་གླིང་ཟླ་སྒྲོན་ལོ་ངོ་༣༥ ཧྲིལ་པོ་ཟིན་མེད་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་ཁྱབ་སྟེ། གྲོས་ཚོགས་ཀྱི་ལས་ཉིན་གསུམ་པའི་ཐོག་སྲིད་སྐྱོང་གིས་མོ་བཀའ་བློན་ནས་ཕྱིར་འཐེན་བྱས་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་རེད། གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག སྲིད་སྐྱོང་གིས་ཤར་གླིང་ཟླ་སྒྲོན་ལོ་༣༥ ཧྲིལ་པོ་ཟིན་ཡོད་པར་བརྟེན་བཀའ་བློན་གྱི་འོས་མིར་བསྐྱར་དུ་བཏོན་ནའང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་དགག་པ་བརྒྱབ་ནས། གྲོས་ཚོགས་ནང་དགོས་ངེས་ཀྱི་འོས་གྲངས་ལོན་མེད་པ་རེད།

༩) ཟླ་༨ པའི་ཚེས་༢༥ ཉིན་བཀའ་ཤག་གིས་དུས་འཁོར་དབང་ཆེན་ཐེངས་༣༤ པ་དེ་ཕྱི་ལོ་༢༠༡༧ ལོའི་ཟླ་༡ པོའི་ཚེས་༣ ནས་༡༤ བར་རྡོ་རྗེ་གདན་དུ་གནང་རྒྱུ་ཡིན་པ་དང་། ཐེངས་འདིའི་ཡོན་བདག་དང་གོ་སྒྲིག་བྱེད་མཁན་བོད་མིའི་སྒྲིག་འཛུགས་ཡིན་པའི་གསར་འགོད་གསལ་བསྒྲགས་གནང་ཡོད་པ་རེད།

༡༠) ཟླ་༡༡ པའི་ཚེས་༡༨ ཉིན་༧གོང་ས་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་པ་དང་། ༧གོང་ས་མཆོག་གདན་དྲངས་པ་དེ་རྒྱ་ནག་ལ་ཁ་གཏད་བཅག་པར་ངོས་འཛིན་བྱེད་མཁན་མང་པོ་བྱུང་བ་དང་། རྗེས་སུ་རྒྱ་ནག་གིས་ཕྱོགས་གཉིས་ཀྱི་ས་མཚམས་གལ་ཆེན་བཀག་ནས་སོག་ཡུལ་གྱི་དོལ་སྐྱེལ་རླངས་འཁོར་མང་པོ་ཞིག་འཁར་བ་དང་། དེ་སྔོན་རྒྱ་ནག་གིས་སོག་ཡུལ་ལ་ཨ་སྒོར་ཐེར་འབུམ་༤.༢ བུན་གཡར་བྱེད་པའི་གྲོས་མོལ་དེ་མཚམས་བཅད་པ་རེད།།

 

ཕྱི་ལོ་༢༠༡༦ ལོའི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་བཅུ།