༢༠༢༠ ལོའི་ནོ་སྦེལ་རྩོམ་རིག་བྱ་དགའ་ཨ་རིའི་སྙན་ངག་མ་ཞིག་ལ་ཐོབ་འདུག

ཁ་སང་ཕྱི་དྲོ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་ནས་སྤེལ་བའི་གསལ་བསྒྲགས་ནང་། དགུང་ལོ་ ༧༧ ལ་ཕེབས་པའི་སྙན་ངག་མ་ལོའུ་སི་-གྷོ་ལུག་(Louise Gluck) གིས་“འཁྲུལ་བ་མེད་པའི་སྙན་ངག་གི་སྐད་ཆ་དང་། ལྷད་མེད་པའི་མཛེས་སྡུག་གིས་མི་སྒེར་རེ་རེའིི་འཚོ་གནས་དེ་ཐུན་མོང་གི་འཚོ་གནས་སུ་བསྒྱུར་ཡོད་”ཅེས་བསྔགས་བརྗོད་བྱས་འདུག 

སྙན་ངག་མ་ཁོང་ལ་དེ་སྔོན་ཡང་འཛམ་གླིང་སྟེང་གི་སྙན་གྲགས་ཆེ་བའི་རྩོམ་རིག་གི་བྱ་དགའ་དང་གཟེངས་རྟགས་མང་པོ་ཞིག་འཐོབ་མྱོང་འདུག་སྟེ། ཕྱི་ལོ་༡༩༩༣ ལོར་ཁོང་གི་བརྩམས་ཆོས་ཕྱོགས་བསྒྲིགས་“The Wild Iris”ཞེས་པ་ལ་ཨ་རིའི་རྩོམ་རིག་དང་སྒྱུ་རྩལ་གྱི་གཟེངས་རྟགས་ཆེ་ཤོས་ཕལ་ཛར་(Pulitzer) དང་། ༢༠༡༤ ལོར་ཁོང་གི་བརྩམས་ཆོས་“Faithful and Virtuous Night”ཞེས་པར་ཨ་རིའི་རྒྱལ་ཡོངས་རྩོམ་རིག་བྱ་དགའ་སོགས་འཐོབ་མྱོང་འདུག

སྙན་ངག་མ་ཁོང་ནི་ཕྱི་ལོ་༡༩༤༣ ལོར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་སྐུ་འཁྲུངས་ཤིང་། མཱ་སི་ཆུ་སེ་ཊི་མངའ་སྡེའི་གྲོང་ཁྱེར་ཁམ་བྷི་རི་ཇི་(Cambridge) རུ་འཚར་ལོངས་བྱུང་། ཁོང་ཆུང་དུས་ནས་ཟས་མི་འཇུ་བའི་ནད་(Anorexia nervosa) ཀྱིས་མནར་བས། ཆུང་དུས་ནས་ཕ་མ་གཉིས་ཀྱི་གམ་ནས་སྒྲུང་ལ་ཉན་པ་དང་། སྙན་ངག་འབྲི་བ་སོགས་རང་སྦྱོང་གནང་བ་དང་། ༡༩༦༡ ལོར་དགུང་ལོ་༡༨ སྐབས་ནེའུ་ཡོག་གི་George W. Hewlett མཐོ་སློབ་ནས་སློབ་མཐར་ཕྱིན་རྗེས། ན་ཚ་ཡི་རྐྱེན་གྱིས་མུ་མཐུད་སློབ་གཉེར་ཡག་པོ་ཞིག་བྱེད་མ་ཐུབ་ནའང་། ཤི་མ་གསོན་གྱི་མི་ཚེའི་བགྲོད་ལམ་ཁྲོད་མོས་ཁོ་ལིམ་བྷེ་ཡ་(Columbia) གཙུག་ལག་སློབ་གྲྭ་ཆེན་མོ་དང་། སཱ་ར་ལཱོ་རན་སི་(Sarah Lawrence) མཐོ་སློབ་སོགས་སུ་ཟུར་ཞུགས་ཀྱིས་སྙན་གཞུང་ལ་སོགས་པའི་་སློབ་ཚན་མང་དག་ཅིག་ལ་སྦྱང་བརྩོན་གནང་ནས་སྐུ་ཚེའི་རེ་འདུན་ལ་བསྙེགས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།