༢༠༢༠ ལོའི་བོད་མི་དང་འབྲེལ་བའི་གནས་ཚུལ་ཆེ་ཁག་བཅུ།
དང་པོ། ཕྱི་ཟླ་༡ ཚེས་༢ ཉིན་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་གནང་བ་དང་། གསུང་ཆོས་ཀྱི་དབུ་འཛུགས་དངོས་སུ་མ་གནང་གོང་ལ་སྔོན་འགྲོའི་ཚུལ་དུ་བླང་དོར་གྱི་བཀའ་སློབ་གནང་སྐབས། “མང་གཙོ་ཁ་ལ་ཁྱེར་ནས་རང་དོན་སྒྲུབ་པ་ཡིན་ན། དོན་དག་རང་གཅེས་འཛིན་གྱི་གཞན་དབང་དུ་སོང་བ་ཡིན་སྟབས་བདེ་སྐྱིད་ཡོང་གི་མ་རེད་”ཅེས་གསུངས་འདུག ཕྱི་ཟླ་༡ ཚེས་༡༣ ཉིན་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་གནས་དགའ་ལྡན་འཕེལ་རྒྱས་གླིང་དུ་རྒྱ་གར་གསར་འགྱུར་ཚན་པ་(Stratnews Global) ཞེས་པའི་གསར་འགོད་པ་སྐུ་ཞབས་ནི་ཏིན་གྷོ་ཀ་ལེ་(Nitin Gokhale) ཡིས་བཅར་འདྲིར་དང་ལེན་མཛད་པ་དང་། རྒྱ་ནག་གཞུང་གིས་མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་བདམས་པ་ཡིན་ན། བོད་མི་ཚོས་དེར་མོས་མཐུན་ནམ་ཡང་བྱེད་ཀྱི་མེད་སྐོར་བཀའ་ལན་བསྩལ་འདུག
གཉིས་པ། ༡) ཕྱི་ལོ་༢༠༢༠ ཟླ་༡ ཚེས་༦ ཉིན་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་“རྫ་ཆུ་ཁ་རྫ་སྨད་དབོན་པོ་ནས་གནས་ཚུལ་ཕྱོགས་བསྡུས”ཞེས་པ་ཞིག་དང་། ཡུལ་དངོས་ཀྱི་འདྲ་པར་རྣམས་བསྐུར་བྱུང་བའི་ནང་། ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༢༤ ནས་ཕྱི་ལོ་༢༠༢༠ ཟླ་༡ ཚེས་༣ བར་དུ་རྫ་དབོན་པོ་སྡེ་བའི་ཛ་དྲག་གི་གནས་སྟངས་སྐོར་ལ་ཁོང་དང་འབྲེལ་ཡོད་ཁ་ཅིག་གིས་འཚོལ་སྒྲུབ་བྱས་པའི་གནས་ཚུལ་རྣམས་བཀོད་འདུག སྤྱིའི་ཆ་ནས་བཤད་ན། ལོ་སྔོན་མའི་ཕྱི་ཟླ་༡༡ ཀྱི་འགོ་སྟོད་ནས་རྫ་སྨད་དབོན་པོ་རུ་བོད་རང་བཙན་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་བ་ནས་བཟུང་། རྒྱ་གཞུང་གིས་ས་ཁུལ་དེར་སྔར་བས་ཀྱང་དམ་དྲག་དང་། ཁ་པར་དང་དྲ་ལམ་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་སྟབས། ཞིབ་ཕྲའི་གནས་ཚུལ་དང་པར་རིས་འཚོལ་སྒྲུབ་བྱེད་རྒྱུ་ཤིན་ཏུ་དཀའ་ཡང་། གང་ཐུབ་ཀྱིས་འཚོལ་སྒྲུབ་བྱས་པ་རྣམས་ཕྱོགས་བསྡུས་བྱས་པ་ཡིན་འདུག
༢) རྒྱ་ནག་གཞུང་གིས་མདོ་ཁམས་འབྲི་རུ་ནས་ཡིན་པའི་སྐྱེས་པ་བསྟན་འཛིན་ཐར་པ་དང་། བུད་མེད་ལྷ་མོ་གཉིས་༢༠༢༠ ལོའི་ཟླ་༦ པའི་ནང་རྒྱ་གཞུང་གི་ཉེན་རྟོག་པས་སྔ་རྗེས་སུ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག བསྟན་འཛིན་ཐར་པ་འཛིན་བཟུང་བྱས་ནས་ཉིན་གཉིས་པའི་མཚན་མོར། ཁོང་གི་ཞང་པོའི་བུ་མོ་ལྷ་མོ་ཡང་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཚོར་རྒྱ་གར་ལ་དངུལ་བཏང་བའི་ཉེ་འཛུགས་བྱས། རྗེས་སུ་ལྷ་མོ་ཉེན་རྟོག་པའི་རྡོང་རྡེག་འོག་ནས་འདས་གྲོངས་སོང་།
༣) བོད་ཀྱི་བུད་མེད་ཚེ་རིང་མཚོ་འདི་ལོའི་ཕྱི་ཟླ་༡༡ ཚེས་༡༢ ཉིན་ཟི་ལིང་གྲོང་ཁྱེར་གྱི་རང་ཁྱིམ་ནས་ཉེན་རྟོག་པས་ཁྲི་ཀ་རྫོང་བཀག་ཉར་ཁང་དུ་བཙན་ཁྲིད་བྱས་པའི་རྗེས། ཉིན་གྲངས་བཅུའི་རིང་བཀག་ཉར་དང་རྒྱ་སྒོར་༡༠༠༠ གི་ཆད་པ་བཅད་པ་མ་ཟད། བཙོན་ཁང་དུ་སྡོད་རིང་ལྟོགས་སྐོམ་དང་མནར་གཅོད་དྲག་པོ་བཏང་ཡོད་འདུག
༤) གླུ་བ་ལྷུན་གྲུབ་གྲགས་པས་<<ཞྭ་མོ་ནག་པོ་>>ཞེས་པའི་གླུ་གཞས་ཤིག་བླངས་པས། ༢༠༡༩ ཕྱི་ཟླ་ ༥ པའི་ནང་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག་པ་དང་། ལོ་གཅིག་ལྷག་ལ་བཀག་ཉར་བྱས་རྗེས་༢༠༢༠ ལོའི་ཕྱི་ཟླ་ ༦ པའི་ནང་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད།
༥) ༢༠༢༠ ལོའི་ཕྱི་ཟླ་༧ ཚེས་༡༤ ཉིན་བོད་མི་ལྷུན་འགྲུབ་རྡོ་རྗེ་རྒྱ་ནག་གཞུང་གིས་བཀག་སྐྱིལ་བྱས་ཡོད་པ་དང་། ཟླ་༡༢ བའི་ཚེས་༡༤ ཉིན་མགོ་ལོག་འབྲིང་རིམ་ཁྲིམས་ཁང་ཟེར་བས་ཁོང་གིས་བཙན་བྱོལ་གྱི་བོད་མི་རྣམས་ལ་འཚམས་འཕྲིན་ཕུལ་བ་དང་༸གོང་ས་མཆོག་གི་བརྙན་དང་སྐུ་པར་སོགས་དྲ་ལམ་དུ་བཀྲམས་པའི་གནད་དོན་དེ་ནི་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་ཡིན་པར་བསྙད་དེ་དངོས་སུ་ལོ་གཅིག་གི་རིང་ལ་ཁྲིམས་ཐག་བཅད་ཡོད་འདུག
གསུམ་པ། ཕྱི་ཟླ་༡ ཚེས་༨ ཉིན་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཊིའོ་ལན་ཇཡེ་བྷེ་ཡན་ཆི་(Matteo Lungi Bianchi) ཡིས་ཨི་ཊ་ལིའི་གྲོས་ཚོགས་ནང་། རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ཐོག་སེམས་འཚབ་ཀྱིས་འདྲི་རྩད་གནང་འདུག སྐབས་དེར་སྐུ་ཞབས་ཁོང་གིས་རྒྱ་ནག་གཞུང་གིས་འཛིན་བཞིན་པའི་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་དྲག་པོའི་བྱ་སྤྱོད་འདི་བཞིན་ལོ་རྒྱུས་ཁྲོད་ཆེས་གསར་པ་གང་ཡང་མིན་སྐོར་དང་། དེ་སྔོན་ཕྱི་ལོ་༡༩༥༠ ལོར་རྒྱ་གཞུང་གིས་བོད་མིར་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་གསར་བསྐྲུན་ཆེད་རྒྱ་ནག་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་གཞུང་ལམ་བཟོ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང། དོན་དམ་དུ་དེ་ལས་ལྡོག་སྟེ་རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་དང་མི་གསོད་ཁྲག་སྦྱོར་ལ་སོགས་ཀྱི་རྐྱེན་པས་ཕྱི་ལོ་༡༩༥༩ ཟླ་༣ ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཚབས་ཆེ་བྱས་པར་བརྟེན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་སེར་སྐྱ་མང་པོ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་པ་བྱུང་ཡོད་སྐོར་གསུངས་འདུག
བཞི་པ། ཟླ་༣ ཚེས་༡༠ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་ཞི་བའི་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་༦༡ དེ་གཞུང་འབྲེལ་གྱིས་སྲུང་བརྩི་བྱས་པ་དང་། དུས་དྲན་དེ་ལོ་རེའི་ནང་བོད་དོན་འཐབ་རྩོད་ཀྱི་དུས་དྲན་ཉིན་མོ་གལ་ཆེ་ཤོས་དེ་ཡིན་པས། རྒྱ་ནད་ཏོག་དབྱིབས་ནད་ཡམས་ཀྱི་འཇིགས་སྣང་ཡོད་མེད་ལ་མ་ལྟོས་པར། བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་ཚང་མར་སྲུང་བརྩི་ཐུབ་ཡོད་པ་རེད།
ལྔ་པ། ཕྱི་ཟླ་༣ ཚེས་༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༠ དང་༢༠༢༡ ལོའི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་ཧིན་སྒོར་༢,༧༡༤,༧༩,༦༠༥ དང་ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་སྔོན་རྩིས་ཧིན་སྒོར་༣༩,༦༩༢,༤༢༤ བཅས་བཀའ་ཁྲོལ་གཏན་འབེབས་བྱས་ཡོད་པ་རེད། རྒྱ་ནད་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་གྲོས་ཚོགས་དེ་ཉིན་གཅིག་རིང་ལས་འཚོགས་ཐུབ་མེད་པ་རེད།
དྲུག་པ། ཕྱི་ཟླ་༨ ཚེས་༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འདི་ལོའི་ཕྱི་ཟླ་དགུ་པའི་གྲོས་ཚོགས་ཚོགས་དུས་དེ་སྔོན་འཆར་ལྟར་འཚོགས་མི་ཐུབ་པར་ཟླ་བ་དྲུག་ཙམ་ལ་ཕར་འགྱུངས་བྱས་པའི་གསལ་བསྒྲགས་སྤེལ། དེ་ནི་ཁྲིམས་མཐུན་བྱུང་ཡོད་མེད་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་གྲོས་ཚོགས་རྒྱུན་ལས་བར་རྩོད་གཞི་བྱུང་བ་དང་། ཕྱི་ཟླ་༩ ཚེས་༢༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀོད་ཁྱབ་ཅིག་བཏང་བའི་ནང་། སྤྱི་འཐུས་རྒྱུན་ལས་༡༡ ལ་བཀའ་ཁྱབ་འདི་བཏང་ཚེས་ནས་བཟུང་ཕྱི་ལོ་༢༠༢༡ ཟླ་༣ ཚེས་༡༡ ཉིན་བར་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་པའི་ཆད་འགེལ་བཀའ་ཁྱབ་བཏང་།
བདུན་པ། ཕྱི་ཟླ་༩ ཚེས་༢༨ ཉིན་དབུས་འོས་བསྡུ་ལས་ཁང་ནས་བསླེབ་ལ་ཉེ་བའི་བོད་མིའི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་ ༢༠༢༡ ཟླ་༡ ཚེས་༣ ཉིན་དང་། དངོས་གཞིའི་འོས་བསྡུ་ཆེན་མོ་༢༠༢༡ ཟླ་༤ ཚེས་༡༡ ཉིན་ཡིན་པ་མ་ཟད། “སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབས་ཐག་གཅོད་ཞུས་པ་ཡིན་”པའི་གསལ་བསྒྲགས་གནང་སོང་།
བརྒྱད་པ། ༡) སུ་ཝི་ཌན་གྱི་རྒྱལ་ཁབ་དེའི་གསང་བའི་ལས་ཁུངས་ཀྱིས་ཕྱི་ལོ་༢༠༡༧ ལོར་འཛིན་བཟུང་བྱུང་བའི་རྒྱ་ནག་གི་གསང་མྱུལ་བ་རྡོ་རྗེ་རྒྱལ་མཚན་ཞེས་པ་དེའི་བཙོན་འཇུག་གི་ལོ་ཡུན་ཚང་གི་ཡོད་པ་དང་། དེའི་རྗེས་སུ་ཁོ་མུ་མཐུད་ནས་རྒྱལ་ཁབ་དེར་གནས་སྡོད་བྱས་ཚེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པས། ཁོ་སུ་ཝི་ཌན་ནས་ཕྱིར་འབུད་ངེས་པར་དུ་གཏོང་དགོས་པའི་ཞུ་གཏུག་བྱས་འདུག་པ་དང་། ཁྲིམས་ཁང་གིས་ཀྱང་ཞུ་གཏུག་དེར་རྒྱབ་སྐྱོར་བྱས་ཡོད་པའི་གནས་ཚུལ་༢༠༢༠ ལོའི་ཕྱི་ཟླ་༡༡ ནང་གནས་ཚུལ་སྤེལ།
༢) ཨ་རིའི་གཞུང་ནས་ཕྱི་ཟླ་༩ ཚེས་༢༡ ཉིན་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། གྲོང་ཁྱེར་ནིའུ་ཡོག་གི་ཉེན་རྟོག་པའི་ལས་ཀ་སྒྲུབ་བཞིན་པའི་གསང་ཉུལ་བའི་དོགས་གཞིའི་འོག ལོ་ན་༣༣ ལ་སོན་ཞིང་མིང་ལ་པདྨ་དར་རྒྱས་ངག་དབང་ཟེར་བ་འཛིན་བཟུང་བྱས་ཡོད་པ་དང་། ཁོས་ཕྱི་ལོ་༢༠༡༤ ནས་བཟུང་སྟེ་གྲོང་ཁྱེར་དེ་གའི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་མྱུལ་ཞིབ་བྱས་ཏེ་རྒྱ་ནག་གི་དོན་གཅོད་ཁང་ལ་གནས་ཚུལ་རྩིས་སྤྲོད་བྱས་ཡོད་འདུག
༣) ཟླ་༨ པའི་ཚེས་༡༢ ཉིན་རྒྱ་གར་གྱིས་རྒྱལ་ས་ལྡི་ལི་དང་ཉེ་ཁུལ་གྱི་ས་གནས་ཁག་༢༡ ཏུ། དཔྱ་ཁྲལ་ལས་ཁུངས་ཀྱིས་བསྔོགས་བཤེར་བྱས་འདུག་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་གི་མི་སེར་ལའོ་སང་(Lou sang) ཞེས་པ་འཛིན་བཟུང་བྱས་འདུག ཁོ་ལ་དེ་སྔོན་རྒྱ་ནག་གི་གསང་མྱུལ་གྱི་ཉེས་འཛུགས་འོག་ལྡི་ལི་ནས་འཛིན་བཟུང་བྱས་ཡོད་ཁར། རྗེས་སུ་གཏའ་དངུལ་སྤྲད་ནས་གློད་གྲོལ་ཐོབ་ཡོད་ཀྱང་། ཐེངས་འདིར་ཁོས་ཁྲིམས་འགལ་ཐོག་ནས་རྒྱ་ནག་གི་ཚོང་ལས་ཁང་རྫུན་བཟོ་བྱས་ཏེ། ཧིན་སྒོར་ས་ཡ་༣༠༠༠ ལྷག་ཁྲིམས་འགལ་ཐོག་ནས་གཏོང་ལེན་བྱས་པའི་གནས་ཚུལ་འདུག
དགུ་པ། འདི་ལོ་རྒྱ་གར་དང་རྒྱ་ནག་གཉིས་ཧིན་བོད་ས་མཚམས་ནས་རྩོད་རྙོག་བྱུང་སྟེ། དམག་མིའི་བར་ལག་འཛིང་བྱུང་སྟེ་ཕན་ཚུན་དམག་མི་ཁག་ཅིག་གསོད་རེས་བྱུང་ཡོད་པ་དང་། ཕྱི་ཟླ་༨ ཚེས་༢༩ དང་༣༠ བར་ལ་རྒྱ་གར་གྱི་དམག་སྡེ་ཨང་༢༢ པའི་ནང་གི་སྐྱབས་བཅོལ་བོད་མི་རྒྱ་གར་གྱི་དམག་མི་ཡིན་པ་བརྒྱ་ལྷག་ལ་དྭགས་ནས་བོད་ཀྱི་ཕྱོགས་སུ་ཕྱིན་ཏེ། རྒྱ་མིའི་དམག་མིར་ཕར་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད། ལོ་ན་༥༡ ལ་ཕེབས་པའི་བརྒྱ་དཔོན་ཉི་མ་བསྟན་འཛི་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་ཆེད་དུ་དཔལ་མགོན་མཚོའི་ལྷོ་ངོགས་སུ་ཕེབས་བཞིན་པའི་སྐབས། ས་འོག་ཏུ་སྦས་པའི་འབར་རྫས་གད་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག ཕྱི་ཟླ་༩ ཚེས་༧ ཉིན་ལ་དྭགས་ཀྱི་རྒྱལ་ས་སླེ་ཡི་བདེ་བ་ཅན་དུར་ཁྲོད་དུ། སྐུ་ཕུང་ཞུགས་འབུལ་བྱེད་སྐབས་རྒྱ་གར་གྱི་དཔོན་རིགས་མང་པོས་མྱ་ངན་གུས་འདུད་ཞུས།
བཅུ་པ། ཕྱི་ཟླ་ཚེས་༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་གཞུང་འབྲེལ་ཐོག་ནས་ཨ་རིའི་ཕོ་བྲང་དཀར་པོར་ཕེབས་ཏེ་བོད་དོན་ཞུ་གཏུག་བྱས་པ་དང་། གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣར་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་རྒྱབ་སྐྱོར་དགོས་པའི་རེ་སྐུལ་ཞུས། ཨ་རིའི་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ངེས་པར་དུ་གཏན་འབེབས་དགོས་པའི་གཞུང་གྲོན་སྔོན་རྩིས་(spending bill) དང་། ཏོག་དབྱིབས་ནད་ཡམས་ཀྱི་རོགས་དངུལ་(pandemic aid) དང་ལྷན་དུ་སྦྱར་ནས་སྲིད་འཛིན་གྱི་གསོལ་ཅོག་ལ་བསྐྱལ་བ་ན། སྲིད་འཛིན་ཊོམ་གྱིས་ཕྱི་ཟླ་༡༢ ཚེས་༢༧ ཉིན་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་བྱས།།