༢༠༢༠ ལོའི་རྒྱལ་སྤྱིའི་ནང་གི་གནས་ཚུལ་ཆེ་ཁག་བཅུ།
དང་པོ། ཏོག་དབྱིབས་ནད་དུག
རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་དུག་དེ་འཛམ་གླིང་གང་སར་ཁྱབ་གདལ་བྱུང་ནས། ད་བར་མི་མང་ས་ཡ་༨༡ ལས་མང་བར་ནད་དུག་དེ་འཕོག་ཡོད་པ་དང་། མི་མང་ས་ཡ་༢ མ་ཟིན་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རེད། ནད་དུག་འདི་ཁྱབ་གདལ་ལ་བརྟེན་ནས་མི་རྒྱུ་གཉིས་ཀར་གྱོང་གུད་ཆེན་པོ་ཐེབས་ཡོད་ཁར། འགྲུལ་བཞུད་སོགས་ཉིན་རེའི་འཚོ་བར་ཡང་བཀག་རྒྱ་མང་པོ་ཞིག་བྱུང་དང་བྱུང་བཞིན་པ་རེད། ད་ལྟའི་ཆར་སྔོན་འགོག་སྨན་ཁབ་གསར་པ་ཁག་ཅིག་ཐོན་ནས། ཡར་ཐོན་རྒྱལ་ཁབ་ཁག་ཏུ་སྨན་ཁབ་རྒྱག་འགོ་བཙུགས་ཟིན་པ་རེད།།
གཉིས་པ། ཨ་རིའི་སྲིད་འཛིན་འོས་བསྡུ།
འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཆེ་ཤོས་ཨ་རིའི་འོས་བསྡུར་འཛམ་གླིང་གང་སར་ནས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་རེད་ལ། འདི་ལོར་ཏོག་དབྱིབས་ནད་དུག་རྐྱེན་པས་མི་མང་ས་ཡ་མང་པོས་སྔོན་ཚུད་ནས་སྦྲག་ཐོག་བརྒྱུད་ནས་འོས་ཤོག་འཕངས་ཡོད་ཁར། ས་ཡ་མང་པོས་འོས་བསྡུ་ཉིན་དངོས་སུ་མ་སླེབས་པའི་སྔ་རོལ་ནས་འོས་ཤོག་འཕངས་ཡོད་པ་རེད། འོས་བསྡུ་མཇུག་བསྒྲིལ་ནས་ཉིན་གྲངས་བཞི་ཡི་རྗེས་ལ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་རྗོ་བྷའེ་ཌན་ལ་རྒྱལ་ཁ་ཐོབ་པ་གསལ་པོ་ཆགས་ཡོད་པ་རེད། སྤྱི་མཐུན་ཚོགས་པའི་འོས་མི་ལས་ཁུར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་འོས་བསྡུའི་གྲུབ་འབྲས་དེ་རྩིས་མེད་གཏོང་ཆེད་དུ། ཁྲིམས་གཏུག་མང་པོ་ཞིག་བྱས་ཡོད་ཀྱང་མཐའ་མ་དེར་གང་ཡང་ལམ་ལྷོངས་བྱུང་མེད་པ་རེད། དེ་བཞིན་ཐེངས་འདིར་སྲིད་གཞོན་པར་ཀཱ་མ་ལཱ་ཧེ་རི་སེར་འདེམས་ཐོན་བྱུང་ཡོད་པས། ལོ་རྒྱུས་ནང་དུ་བུད་མེད་ཀྱི་སྲིད་འཛིན་གཞོན་པ་ཐོག་མར་དེ་ཆགས་ཡོད་པ་རེད།
གསུམ་པ། མི་རིགས་ནག་པོའི་ཚེ་སྲོག་གི་རིན་ཐང་ལས་འགུལ།
ཨ་རིའི་ནང་དུ་ཉེན་རྟོག་པས་ལྷག་པར་མི་རིགས་དཀར་པོའི་ཉེན་རྟོག་པས། ཉེས་མེད་མི་རིགས་ནག་པོ་མང་པོ་ཞིག་དམར་གསོད་བཏང་བའི་གནས་ཚུལ་བསྟུད་མར་འབྱུང་བཞིན་ཡོད་པ་རེད། ཐེངས་འདིར་མི་རིགས་ནག་པོ་ཞིག་གི་མཇིང་པར་མི་རིགས་དཀར་པོའི་ཉེན་རྟོག་པ་ཞིག་གིས་རྐང་པས་རྒྱུན་རིང་མནན་ནས། རྗེས་སུ་མི་རིགས་ནག་པོ་དེའི་ཚེ་སྲོག་ཤོར་ཡོད་པས། ཨ་རི་གཙོས་པའི་འཛམ་གླིང་ཡུལ་གྲུ་མང་པོ་ཞིག་ནང་མི་རིགས་ནག་པོའི་ཚེ་སྲོག་གི་རིན་ཐང་ལས་འགུལ་ཁྱབ་ཆེན་སྤེལ་ཡོད་པ་རེད།།
བཞི་པ། ཧོང་ཀོང་ནང་བཙན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར།
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་མང་གཙོ་ཁེ་དབང་མེད་པ་བཟོ་ཆེད་དང་། རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་ལ་ཁ་གཏད་ཀྱི་མང་གཙོའི་ལས་འགུལ་ནུས་ཤུགས་མེད་པ་བཟོ་ཆེད་དུ། ཟླ་༦ པའི་ཚེས་༣༠ ཉིན་བཙན་གྱི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ཞེས་པ་དེ་གཏན་འབེབས་དང་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་རེད། ཁྲིམས་དེ་ལ་བརྟེན་ནས་མང་གཙོའི་ལས་འགུལ་བ་ཚོ་གང་བྱུང་འཛིན་བཟུང་དང་བཙོན་འཇུག་སོགས་ཉེས་ཆད་འཕོག་རྒྱུ་ལས་སླ་པོ་ཆགས་ཡོད་པས། མང་གཙོའི་འགོ་ཁྲིད་ཁག་ཅིག་ཕྱིའི་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་དུ་ཕྱིན་ཡོད་པ་མ་ཟད། སྲིད་དོན་ཚོགས་པ་ཁག་ཅིག་སྒོ་བརྒྱབ་དགོས་བྱུང་ཡོད་པ་རེད། ད་ལྟའི་ཆར་ཧོང་ཀོང་ནང་མང་གཙོའི་ལས་འགུལ་གྱི་ནུས་ཤུགས་མངོན་གསལ་དོད་པོ་མེད་པ་ཆགས་ཡོད་པ་རེད།།
ལྔ་པ། རྒྱལ་སྤྱིའི་ནང་རྒྱ་ནག་ལ་ཁ་གཏད།
འདི་ལོར་རྒྱ་ནག་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་རྐྱེན། མི་མང་ནང་རྒྱ་ནག་ལ་འཁོན་སེམས་ཡོད་པའི་ཐོག རྒྱལ་སྤྱིའི་གཞུང་ཚོས་ཀྱང་རྒྱ་ནག་གིས་ཧོང་ཀོང་ནང་གི་བྱེད་ལས་དང་། དེ་བཞིན་རྒྱ་ནག་གི་ཚོང་ལས་ཁང་ཆེ་གྲས་ཧུ་ཝེ་དང་འཕྲུལ་རིག་གཞན་རྣམས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་ཡོད་པ་ཡོངས་གྲགས་བཟོས་ནས། ཧོང་ཀོང་དང་འབྲེལ་བའི་རྒྱ་ནག་གི་དཔོན་རིགས་ལ་དཔལ་འབྱོར་དང་འགྲུལ་བཞུད་ཀྱི་ཉེས་ཆད་བཏང་ཡོད་ཁར། རྒྱ་ནག་གི་འཕྲུལ་རིག་དང་ཚོང་ཟོག མཉེན་ཆས་སོགས་མང་པོ་ཞིག་བཀག་སྡོམ་བྱས་ཡོད་པ་རེད་པས། དེ་དག་ལ་བརྟེན་ནས་རྒྱ་ནག་གིས་དཔལ་འབྱོར་ཡར་རྒྱས་དེ་ཕྱིར་འདྲེན་ཁོ་ནར་མི་བརྟེན་པར། རྒྱལ་ནང་གི་ཁྲོམ་རར་བརྟེན་རྒྱུ་གལ་ཆེན་ཡིན་པའི་སྲིད་བྱུས་འཐེན་དགོས་པ་ཆགས་ཡོད་པ་རེད།།
དྲུག་པ། ཏོག་ནད་འཐབ་རྒོལ་ལ་བུད་མེད་འགོ་ཁྲིད་ཚོས་ནུས་པ་ཆེན་པོ་ཐོན་པ།
རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེན་སོང་ཡོད་ཀྱང་། རྒྱལ་ཁབ་ཁག་ཅིག་གིས་ཏོག་ནད་སྔོན་འགོག་གི་ལས་དོན་ལ་གྲུབ་འབྲས་གཟེངས་སུ་ཐོན་ནས། རྒྱལ་ཁབ་གཞན་ནི་མི་མང་ཚོས་རྒྱལ་ཁབ་དེ་དག་ལ་ཡིད་སྨོན་སྐྱེ་དགོས་པ་ཆགས་ཡོད་པ་རེད། རྒྱལ་ཁབ་དེ་དག་ཁོངས་ནས་ནིའུ་ཛི་ལན་ཌ་དང་། ཐའེ་ཝན། འཇར་མན་སོགས་ཀྱི་འགོ་ཁྲིད་ནི་བུད་མེད་ཡིན་པས། འཛམ་གླིང་ནང་བུད་མེད་འགོ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཆགས་ནས། དཔྱད་བརྗོད་པ་མང་པོས་སྐྱེས་པ་འགོ་ཁྲིད་ཡིན་པའི་རྒྱལ་ཁབ་ཁག་གི་ནང་ཏོག་ནད་ཀྱི་གནས་སྟངས་ཆེས་སྡུག་བ་ཡོད་པའི་སྙན་ཐོ་ཡང་བཏོན་ཡོད་པ་རེད།།
བདུན་པ། རྒྱ་ནག་གཞུང་གིས་ཨཱ་ལི་བྷ་བྷའི་དབང་ཤུགས་འགོག་ཐབས།
རྒྱལ་སྤྱིའི་ནང་དྲ་ཐོག་ཚོང་ལས་དང་དཔལ་འབྱོར་ཚོང་ལས་ཁང་ཆེ་ཤོས་གྲས་སུ་འགྱུར་བཞིན་པའི་ཨཱ་ལི་བྷ་བྷ་ཚོང་ལས་ཁང་དེ། ཉིན་རེ་བཞིན་རྒྱལ་སྤྱིའི་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་འགྲོ་ཡི་ཡོད་ཁར། ཟླ་༡༡ པའི་ནང་ཚོང་ལས་ཁང་དེའི་དཔལ་འབྱོར་ཚོང་ལས་སྡེ་ཚན་གྱིས་མ་རྐང་ཁྲོམ་རར་གསར་ཞུགས་ཀྱིས། ཨ་སྒོར་ཐེར་འབུམ་༣༧ འདུ་འགོག་ཐུབ་འཆར་ཡོད་ནས། འཛམ་གླིང་ནང་ཟིན་ཐོ་གསར་པ་ཆགས་རྒྱུ་ཡིན་པ་རེད་དེ། རྒྱ་ནག་གཞུང་གིས་ཚོང་ལས་ཁང་དེར་དྲི་རྩད་བྱས་ཏེ། ལས་རིམ་དེ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད། དེ་ཡང་མ་རྐང་ཁྲོམ་རར་གསར་ཞུགས་ཀྱི་ལས་རིམ་དེར་ངང་སྒུག་བྱེད་མཁན་མ་འཛུགས་མཁན་ཤིན་ཏུ་མང་པོ་ཡོད་འདུག་པ་དང་། གནས་ཚུལ་དེ་༢༠༢༠ ལོའི་མ་རྐང་ཁྲོམ་རའི་གནས་ཚུལ་ཆེ་ཤོས་གྲས་སུ་ཚུད་ཀྱི་ཡོད་པ་རེད།།
བརྒྱད་པ། རྐང་རྩེད་སྤོ་ལོའི་རྒྱལ་པོ་མེ་རཱ་ཌོ་ན་གྲོངས་པ།
རྐང་སྤོལ་ལ་དགའ་མོས་བྱེད་མཁན་མི་མང་ས་ཡ་མང་པོས། རྐང་རྩེད་སྤོ་ལོའི་རྒྱལ་པོར་ངོས་འཛིན་བྱེད་ཡུལ་མེ་རཱ་ཌོ་ན་གྲོངས་ཡོད་པས། རྒྱལ་སྤྱིའི་ནང་ཁོང་ལ་མྱ་ངན་གུས་འདུད་བྱེད་མཁན་ཤིན་ཏུ་མང་པོ་བྱུང་ཡོད་པ་རེད། ཁོང་ནི་ཨར་ཇིན་ཀྲི་ནའི་རྐང་སྤེལ་རྩེད་མོ་ཟུར་པ་ཞིག་ཡིན་ཁར། ཕྱི་ལོ་༡༩༨༦ ལོར་འཛམ་གླིང་རྐང་སྤོལ་རྩེད་འགྲན་ནང་རྒྱལ་ཁབ་དེའི་རུ་ཁག་གིས་མཐའ་མའི་རྒྱལ་ཁ་བླངས་སྐབས། ཁོང་རུ་དཔོན་ཡིན་ཁར་རྩེད་མོ་བ་གྲགས་ཤོས་ཀྱང་ཡིན་པ་རེད། དེ་བཞིན་ཡུ་རོབ་ཨི་ཊ་ལིའི་གྲོང་ཁྱེར་ནཱེ་པཱོ་ལི་ལ་ཁོང་གི་ལྷ་དང་འདྲ་བའི་དད་གུས་བྱེད་ཀྱི་ཡོད་པ་རེད་ལ། ཨར་ཇིན་ཀྲི་ནར་ཁོང་ལ་དགའ་ཞེན་བྱེད་མཁན་ཚོས་ཁོང་གི་མིང་ཐོག་ནས་ཡེ་ཤུའི་ལྷ་ཁང་ཡང་བཞེངས་ཡོད་པ་རེད། དེ་བཞིན་ཁོང་གིས་བཙན་གནོན་དང་བཙན་འཛུལ་འོག་ཡོད་པའི་བོད་དང་། པཱེ་ལི་སེ་ཐན་རྒྱལ་ཁབ་ལ་ཡང་རྒྱབ་སྐྱོར་མངོན་གསལ་དོད་པོ་བྱེད་མྱོང་བ་རེད།།
དགུ་པ། པུ་ཀྲེན་གྱི་དབང་འཛིན་དུས་ཡུན་རིང་དུ་བཏང་ཐུབ་པ།
ཟླ་༧ པའི་ཚེས་༡ ཉིན་ཨུ་རུ་སུའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་མི་འདྲ་བ་༢༠༠ ལས་མང་བར། མང་མོས་འོས་བསྡུ་ཐག་གཅོད་ཀྱི་ལས་རིམ་གོ་སྒྲིག་བྱས་པར་མི་མང་གིས་མཉམ་ཞུགས་བྱས་འདུག་པ་དང་། བསྐྱར་བཅོས་ཀྱི་དོན་ཚན་ཤིན་ཏུ་མང་པོ་ཡོད་ཀྱང་། མི་མང་པོ་ཞིག་གིས་དོ་སྣང་བྱེད་ཡུལ་གྱི་དོན་ཚན་ནི་ལས་ཁུར་སྲིད་འཛིན་པུ་ཀྲེན། ཕྱི་ལོ་༢༠༢༤ ཡི་རྗེས་སུ་བསྐྱར་དུ་སྲིད་འཛིན་འོས་འགྲན་བྱེད་ཆོག་པའི་ཁྲིམས་འཆར་དེ་ཡིན་པ་རེད། དེ་ཡང་པུ་ཀྲེན་གྱིས་ད་བར་མི་ལོ་༢༠ ལྷག་རིང་ཨུ་རུ་སུའི་སྲིད་དབང་འཛིན་བཞིན་ཡོད་པ་དང་། རྩ་ཁྲིམས་ནང་གི་བསྐྱར་བཅོས་མ་བྱས་པའི་དོན་ཚན་ལྟར་ན། ཕྱི་ལོ་༢༠༢༤ ལོར་ཁོང་གི་སྲིད་འཛིན་ལས་ཡུན་ཚང་གི་ཡོད་པ་དང་། དེའི་རྗེས་སུ་སྲིད་འཛིན་གྱི་འོས་འགྲན་བསྐྱར་དུ་བྱེད་ཆོག་གི་མེད་འདུག འོན་ཀྱང་ཐེངས་འདིའི་མང་མོས་འོས་བསྡུ་ཐག་གཅོད་ཀྱི་གྲུབ་དོན་དུ། འོས་གྲངས་བརྒྱ་ཆ་༧༨ ཀྱིས་སྲིད་འཛིན་པུ་ཀྲེན་ཕྱི་ལོ་༢༠༢༤ ཡི་རྗེས་སུ་བསྐྱར་དུ་ལས་ཡུན་ལོ་དྲུག་རེ་བྱས་པའི་སྲིད་འཛིན་སྐབས་༢ ལ་འོས་འགྲན་བྱེད་ཆོག་པར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་འདུག་པས། གལ་ཏེ་སྲིད་འཛིན་གྱི་འོས་བསྡུ་དེ་གཉིས་ལ་པུ་ཀྲེན་རྒྱལ་ཁ་ཐོབ་ཚེ། ཕྱི་ལོ་༢༠༣༦ བར་ཁོང་སྲིད་འཛིན་བྱེད་རྒྱུ་ཡོད་འདུག གནད་དོན་དེར་སྐྱོན་བརྗོད་བྱེད་མཁན་མང་ཡང་ཁོང་ལ་ཁ་གཏད་གཅོག་ཐུབ་མཁན་ནུས་ལྡན་ཞིག་མེད་འདུག
བཅུ་པ། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནང་དངོས་སུ་ཕྱིར་འཐེན།
ཕྱི་ལོ་༢༠༢༠ ལོའི་ཟླ་༡ པོའི་ཚེས་༣༡ ཉིན་ནས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་ནས་དངོས་སུ་ཕྱིར་འཐེན་བྱས་ཡོད་ཁར། དེའི་རྗེས་ཀྱི་ཟླ་བ་༡༡ རིང་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཐོག་གྲོས་མོལ་བྱས་ནས། དུས་བཀག་དུས་ཚོད་ལ་སླེབས་པའི་སྔོན་ཏེ་ཟླ་༡༢ པའི་ཚེས་༢༤ ཉིན་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་གཙོས་པའི་འབྲེལ་ལམ་གཞན་གྱི་གནད་དོན་ཐོག་གྲོས་མོལ་མོས་མཐུན་བྱུང་ཐུབ་ཡོད་པ་རེད། ཡུ་རོབ་མཐུན་ཚོགས་ནས་དབྱིན་ཡུལ་ཕྱིར་འཐེན་བྱས་པ་དེ་ལ་བརྟེན་ནས། མ་འོངས་པར་མཐུན་ཚོགས་དེའི་ཚོགས་མི་གཞན་ཡང་ཕྱིར་འཐེན་བྱེད་པའི་ལམ་ཁ་ཡང་ཆགས་ཡོད་པ་རེད་འདུག །