༢༠༢༡ ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་མི་མང་མོས་རྩེ་ཕུད་གཉིས་བཀྲམ་རྒྱུ་གཏན་ཁེལ་འདུག

དབུས་འོས་བསྡུ་ལས་ཁང་ནས་བསླེབ་ལ་ཉེ་བའི་བོད་མིའི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་ ༢༠༢༡ ཟླ་ ༡ ཚེས་ ༣ ཉིན་དང་། དངོས་གཞིའི་འོས་བསྡུ་ཆེན་མོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ ཉིན་ཡིན་པ་མ་ཟད། “སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབས་ཐག་གཅོད་ཞུས་པ་ཡིན་”པའི་གསལ་བསྒྲགས་གནང་སོང་།

དེ་རིང་སྟེ་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ ཉིན་གྱི་སྔ་དྲོར་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། འོས་བསྡུའི་འགན་འཛིན་ལས་འཕར་བཅས་ནས་གསར་འགོད་གསལ་ལྷན་ཚོགས་ཤིག་བསྐོངས་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དང་ཚེས་གྲངས་ཕྱིར་བསྒྲགས་གནང་སོང་། 

གསར་འགོད་ལྷན་ཚོགས་དེའི་ཐོག འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་གིས་ཐོག་མར་ཉེར་ཆར་ཚུལ་ཁྲིམས་བསྟན་པ་ཞེས་པའི་ངོ་དེབ་ཅིག་གིས་འོས་བསྡུ་དང་འབྲེལ་བའི་༧རྒྱལ་བའི་བཀའ་ཤོག་རྫུན་བཟོ་ཏེ་བཀྲམ་པར་བློ་ཕམ་དང་ངོ་རྒོལ་ཡོད་པ་དང་། རྩད་གཅོད་ཞིབ་འཇུག་བྱེད་རྒྱུ་ཡིན་ཚུལ་གསུངས་རྗེས། འོས་བསྡུའི་ལས་རིམ་སྐོར་གྱི་གསལ་བསྒྲགས་ཕྱིར་བསྒྲགས་གནང་སོང་། 

དེ་རིང་ཕྱིར་བསྒྲབས་བྱས་པའི་དབུས་འོས་བསྡུའི་ལས་ཁང་གི་གསལ་བསྒྲགས་ནང་། “དབུས་འོས་བསྡུའི་ལྷན་ཚོགས་ནས་འོས་གཞི་འདོན་ཕྱོགས་དང་འབྲེལ་བའི་སྒྲིག་གཞིའི་དོན་ཚན་ཁག་ལ་ཞིབ་འཇུག་གིས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབས་ཐག་གཅོད་ཞུས་པ་ཡིན་”ཞེས་བཀོད་པའི་ཐོག “གལ་ཏེ་གྲངས་ཚད་གཅིག་གྱུར་གྱི་དངོས་གཞིའི་འོས་གཞི་གཉིས་པ་གཉིས་ཐོན་ཚེ། འོས་གཞི་གསུམ་འདོན་རྒྱུ་”ཡིན་པ་དང་། “གལ་ཏེ་དངོས་གཞིའི་འོས་གཞི་དང་པོ་གྲངས་ཚད་གཅིག་གྱུར་གཉིས་ཐོན་ཚེ་དེ་གཉིས་ལ་འོས་གཞིར་ཐག་གཅོད་ཞུས་པ་”ཡིན་བརྗོད་འདུག

དེ་བཞིན་སྲིད་སྐྱོང་གི་འོས་བསྡུ་ཆེན་མོའི་དུས་ཚོད་དང་ལས་རིམ་གྱི་ཐད་ལ། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་ ༢༠༢༡ ཟླ་ ༡ ཚེས ༣ ཉིན་ཡིན་པ་དང་། དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚོད་དེ་ ༢༠༢༡ ཟླ་ ༡ ཚེས་ ༢༩ ནས་ ༢༠༢༡ ཟླ་ ༢ ཚེས་ ༧ བར་ཡིན་པ། དེ་ནས་སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་ཆེན་མོ་དེ་ཕྱི་ལོ་ ༢༠༢༡ ཟླ ༤ ཚེས་ ༡༡ ཉིན་ལ་གཏན་འཁེལ་བ་དང་། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༥ ནས་ ༢༠༢༡ ཟླ་ ༥ ཚེས་ ༡༣ ཉིན་བར་དུ་དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་གཏན་འབེབས་གནང་བ་ཡིན་སྐོར་གསུངས་སོང་།  

དེ་རིང་གི་གསར་འགོད་ལྷན་ཚོགས་དེའི་ཐོག དབུས་འོས་བསྡུ་ལས་ཁང་གིས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་འོས་བསྡུ་ཆེན་མོའི་དུས་ཚོད་དང་ལས་རིམ་ཡང་ཕྱིར་བསྒྲགས་གནང་བའི་ནང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ ཉིན་གཏན་ཁེལ་བ་དང་། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༩ ནས་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༧ བར་དུ་སྔོན་འགྲོའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱ་ཡིན་པ། དེ་ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་དངོས་གཞི་འོས་བསྡུ་ཆེན་མོ་དེ་ཕྱི་ལོ་ ༢༠༢༡ ཟླ་  ༤ ཚེས་ ༡༡ ཉིན་དང་། ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༥ ཚེས ༥ ནས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༣ ཉིན་བར་དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་སོང་། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།