༢༠༢༡ ལོའི་སྲིད་སྐྱོང་འོས་མི་ཞིག་བློ་ཕམ་ངང་ཕྱིར་འཐེན་གནང་འདུག 

ཕྱི་ཟླ་༡༡ ཚེས་༢༩ རེས་གཟའ་ཉི་མའི་ཉིན་༢༠༢༡ ལོོའི་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ཀྱིས་ལོ་རྗེས་མའི་སྲིད་སྐྱོང་འོས་མི་ནས་ཕྱིེར་འཐེན་གནང་བ་ཡིན་པའི་གསལ་བསྒྲགས་སྤེལ་འདུག་པ་དང་། ཁོང་གིས་“དེ་རིང་བློ་ཕམ་དང་བཅས་དོན་ཚན་གཉིས་ཀྱི་ཐོག་ནས་གུས་པ་༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་མཁན་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་”ཞེས་ཕྱིར་བསྒྲགས་གནང་འདུག

ཁོང་གིས་འོས་མི་ནས་ཕྱིར་འཐེན་བྱེད་པའི་རྒྱུ་མཚན་དང་པོ་ལ་“སྔ་ཕྱི་བར་གསུམ་དུ་མང་གཙོའི་ཀ་བ་བཞི་པ་གསར་འགྱུར་བརྒྱུད་ལམ་ཁག་ཚོས་སྲིད་སྐྱོང་འོས་མི་རྣམ་པ་སྡིངས་ཆ་གཅིག་གི་སྟེང་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་འབོད་སྐུལ་ཞུས་ཀྱང་གནད་དོན་མང་པོའི་དབང་གིས་བགྲོ་གླེང་གོ་སྒྲིག་ཞུ་ཐབས་བྲལ་བས་མང་གཙོའི་འགྲོ་ལུགས་བཞིན་འོས་མི་དང་རྒྱ་ཆེའི་མི་མང་དབར་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་ཚད་ལྡན་མ་བྱུང་སྟབས་”ཡིན་ཚུལ་དྲངས་འདུག 

དོན་ཚན་གཉིས་པ་ལ། ཁོང་གིས་“གུས་པས་མང་གཙོའི་ལམ་ལུགས་ཚད་ལྡན་འོག་མི་མང་ཚོར་ཆབ་སྲིད་ཀྱི་གོ་རྟོགས་མཐིལ་ཕྱིན་པ་ཡོང་རྒྱུ་མེད་དུ་མི་རུང་བ་ཞིག་ངོས་འཛིན་གྱིས་ངོས་ནས་ངོ་དེབ་བརྒྱུད་ཐད་གཏོང་དང་དྲི་བ་དྲི་ལན་གང་མང་བྱས་ཀྱང་དོན་དངོས་སྤྱི་ཚོགས་ཁྲོད་གལ་ཆེའི་ལས་འཆར་ཁག་ལ་བགྲོ་གླེང་ཟབ་མོ་མེད་པར་༢༠༡༦ ལོའི་འོས་བསྡུ་བཞིན་གཞི་མེད་སྐྱོན་བརྗོད་བྱེད་འགོ་འཚུགས་སོང་བས་དེ་འདྲའི་འཁྲུག་ཆ་དོད་པོའི་སྤྱི་ཚོགས་ནང་གུས་པ་སྡོད་ཐབས་མི་འདུག་པས་དོན་ཆེ་སར་བསམ་ཞིབ་ཀྱིས་གུས་པ་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་”ཞེས་བརྗོད་འདུག 

གཞན་ཡང་། གསལ་བསྒྲགས་དེའི་ནང་ཁོང་གིས་“༧གོང་ས་མཆོག་གི་ཐུགས་དགོངས་ཡང་བསྐྱར་མ་འཁྲུགས་སླད་སྲིད་སྐྱོང་འོས་མི་ཡོངས་ནས་སོ་སོའི་རྒྱབ་སྐྱོར་བ་ཚོར་འོས་བསྡུའི་དྲིལ་བསྒྲགས་ཚུལ་ལྡན་ཡོང་བར་འབོད་སྐུལ་ནན་པོ་གནང་དགོས་པའི་རེ་སྐུལ་”ཡང་ཞུས་འདུག 

བཀྲ་ཤིས་དབང་འདུས་༢༠༢༡ ལོའི་སྲིད་སྐྱོང་འོས་མིའི་ཁྲོད་ནས་ཕྱིར་འཐེན་བྱེད་མཁན་གཉིས་པ་དེ་ཆགས་ཡོད་པ་དང་། དེ་སྔོན་ཕྱི་ཟླ་༩ པའི་ནང་རྭ་རྒྱ་བསྟན་འཛིན་ནམ་རྨ་དུག་ལྕེས་སྲིད་སྐྱོང་འོས་མི་ནས་ཕྱིར་འཐེན་བྱས་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།