༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་རྒྱལ་ཁ་ཚོགས་ཟུར་སྤེན་པ་ཚེ་རིང་ལ་ཐོབ་ཡོད་པ་རེད།

དེ་རིང་དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་མཇུག་འབྲས་དངོས་སུ་ཕྱིར་བསྒྲགས་གནང་བའི་ནང་། སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལ་འོས་གྲངས་༣༤༣༢༤ དང་། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་འོས་གྲངས་༢༨༩༠༧། དེ་བཞིན་བོད་མི་མང་སྤྱི་འཐུས་འོས་ཐོབ་པ་༤༥ གསལ་བསྒྲགས་གནང་སོང་།

ད་ལྟ་རྒྱ་གར་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ཚ་རླབས་གཉིས་པ་འཕྱུར་བཞིན་པའི་དཀའ་ཉེན་ཚབས་ཆེན་ལ་བརྟེན་ནས་ཧི་མ་ཅཱལ་མངའ་སྡེའི་ནང་དུ་ཁྱིམ་སྡོད་བཀའ་རྒྱ་བསྡམས་ཡོད་སྟབས། དབུས་འོས་བསྡུ་ལས་ཁང་ནས་ས་གནས་ཀྱི་སྒྲིག་སྲོལ་དང་མ་འགལ་བའི་ཐོག་ནས་སྲིད་སྤྱིི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་མཇུག་འབྲས་ཕྱིར་བསྒྲགས་བྱེད་པའི་བྱེད་སྒོདེ་བོད་ཀྱི་བརྙན་འཕྲིན་བརྒྱུད་དེ་དྲ་ཐོག་ནས་ཐད་སྤེལ་གནང་སོང་། 

གསར་འགོད་ལྷན་ཚོགས་དེའི་ཐོག དབུས་འོས་བསྡུ་ལས་ཁང་གིས་ཐེངས་འདིར་“དངོས་གཞིའི་འོས་བསྡུ་ཆེན་མོར་འོས་འཕེན་པའི་མིང་གཞུང་དེབ་འགོད་བྱེད་མཁན་གྲངས་༨༣,༠༨༠ བྱུང་བ་ནས་སྲིད་སྐྱོང་ཀྱི་དངོས་གཞིའི་འོས་ཤོག་དངོས་སུ་འཕེན་མཁན་གྲངས་༦༣,༩༩༡ བྱུང་བས་ཆ་སྙོམས་འོས་འཕེན་པའི་བརྒྱ་ཆ་༧༧་༠༢ ཆགས་ཡོད་པ་དང་དེ་ཁོངས་འོས་ཤོག་རྩིས་མེད་གྲངས་༦༠༤ བྱུང་འདུག་པ་ནི། འདས་པའི་འོས་བསྡུའི་ལས་རིམ་ནང་སྔོན་འགྲོ་དང་དངོས་གཞི་གཉིས་ཀར་འོས་འཕེན་ཆ་ཤས་བཞེས་མཁན་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་”ཅེས་གསུངས་སོང་། 

དབུས་འོས་བསྡུ་ལས་ཁང་གིས་གཞུང་འབྲེལ་ཐོག་ནས་ཆོལ་ཁ་དང་ཆོས་བརྒྱུད། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འདེམས་ཐོན་བྱུང་བའི་སྤྱི་འཐུས་གསར་པ་༤༥ ཡི་མཚན་གཞུང་བསྒྲགས་རྗེས། “འདེམས་ཐོན་བྱུང་བ་རྣམས་ནས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ཤར་བསྐྱོད་ཐོག། ཆིག་སྒྲིལ། སྐྱིད་སྡུག་མཉམ་མྱོང་། མི་རིགས་གཅིག་གི་འདུ་ཤེས་འོག་བོད་མི་ས་ཡ་དྲུག་གི་སྙིང་ལ་བརྣག་པའི་བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བའི་གལ་ཆེའི་ལས་དོན་ཐོག་འབད་དགོས་རེ་འདུན་”གནང་སོང་། 

གཤམ་དུ་གསར་དུ་འདེམས་ཐོན་བྱུང་བའི་སྐབས་བཅུ་བདུན་པའི་སྤྱི་འཐུས་ནི་དབུས་གཙང་ཆོལ་ཁའི་འདེམས་སྤྱི་འཐུས། ༡) སྒྲོལ་མ་ཚེ་རིང་། འོས་གྲངས་༡༤༦༤༨ ༢)། ཟླ་བ་ཕུན་སྐྱིད།  འོས་གྲངས་༡༤༤༠༢ ༣) མི་འགྱུར་རྡོ་རྗེ། འོས་གྲངས་༡༠༨༦༧ ༤) དངོས་གྲུབ་རྡོ་རྗེ། འོས་གྲངས་༡༠༧༧༨ ༥) བློ་བཟང་རྒྱ་མཚོ་སྲི་ཐར། འོས་གྲངས་༡༠༤༨༦ ༦) ཚེ་རིང་དབྱངས་ཅན། འོས་གྲངས་༡༠༣༩༥ ༧) དོན་གྲུབ་བཀྲ་ཤིས། འོས་གྲངས་༡༠༡༠༨ ༨) རིག་འཛིན་ལྷུན་གྲུབ། འོས་གྲངས་༡༠༠༡༡ ༩) ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར། འོས་གྲངས་༨༠༤༧ ༡༠) ཟླ་བ་ཚེ་རིང་། འོས་གྲངས་༧༧༩༣

མདོ་སྟོད་ཆོལ་ཁའི་འདེམས་ཐོན་སྤྱི་འཐུས། ༡) རྡོ་རྗེ་ཚེ་བརྟན། འོས་གྲངས་༨༨༤༧ ༢) དབུ་དཀར་ཚང་གཡུ་སྒྲོན། འོས་གྲངས་༨༡༨༠ ༣) འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། འོས་གྲངས་༦༡༨༦ ༤) འཇིགས་བྲལ་བསྟན་འཛིན། འོས་གྲངས་༦༠༣༢ ༥) གསེར་རྟ་ཚུལ་ཁྲིམས། འོས་གྲངས་༥༧༤༨ ༦) ཆོས་འཕེལ་ཐུབ་བསྟན། འོས་གྲངས་༥༧༡༩ ༧) ཚེ་རིང་སྒྲོལ་མ། འོས་གྲངས་༥༤༧༤ ༨)རྒྱལ་ལྡོང་ཕུར་བུ་རྡོ་རྗེ། འོས་གྲངས་༤༩༥༢ ༩) དཀོན་མཆོག་ཡར་འཕེལ། འོས་གྲངས་༤༧༠༤ ༡༠) དབང་འདུས་རྡོ་རྗེ། འོས་གྲངས་༤༥༠༣

མདོ་སྨད་ཆོལ་ཁའི་འདེམས་ཐོན་སྤྱི་འཐུས། ༡) པདྨ་མཚོ། འོས་གྲངས་༡༧༡༧ ༢) དོན་གྲུབ་བཀྲ་ཤིས། འོས་གྲངས་༡༤༥༡ ༣) ཚེ་རིང་ལྷ་མོ། འོས་གྲངས་༡༤༣༩ ༤) བཀྲ་ཤིས་དོན་གྲུབ། འོས་གྲངས་༡༢༩༦ ༥) དབྲ་རྩ་བསོད་ནམས་ནོར་བུ། འོས་གྲངས་༡༢༡༤ ༦) ཀརྨ་དགེ་ལེགས། འོས་གྲངས་༡༢༡༡ ༧) ཡེ་ཤེས་སྒྲོལ་མ། འོས་གྲངས་༡༡༩༤ ༨) བློ་བཟང་ཐུབ་བསྟན། འོས་གྲངས་༡༠༩༡ ༩) དགེ་བཤེས་གངས་རི། འོས་གྲངས་༡༠༨༢ ༡༠) ཆོས་གྲགས་རྒྱ་མཚོ། འོས་གྲངས་༡༠༡༧

རྙིང་མའི་འདེམས་ཐོན་སྤྱི་འཐུས། ༡) མཁན་པོ་བསོད་ནམས་བསྟན་འཕེལ། འོས་གྲངས་༦༣༧ ༢) མཁན་པོ་འཇམ་དཔལ་བསྟན་འཛིན། འོས་གྲངས་༥༠༥

བཀའ་བརྒྱུད་ཀྱི་འདེམས་ཐོན་སྤྱི་འཐུས། ༡) ཀུན་དགའ་བསོད་སྟོབས། འོས་གྲངས་༣༦༤ ༢) བསྟན་པ་ཡར་འཕེལ། འོས་གྲངས་༣༡༦

ས་སྐྱའི་འདེམས་ཐོན་སྤྱི་འཐུས། ༡) སློབ་དཔོན་ཐུབ་བསྟན་རྒྱལ་མཚན། འོས་གྲངས་༢༧༦ ༢) མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས། འོས་གྲངས་༢༢༤ 

དགེ་ལུགས་འདེམས་ཐོན་སྤྱི་འཐུས། ༡) དགེ་བཤེས་གོ་བོ་བློ་བཟང་ཕན་བདེ། འོས་གྲངས་༣༧༢༦ ༢) དགེ་བཤེས་ཨ་ཀྲུག་ཚེ་བརྟན། འོས་གྲངས་༣༤༦༩

གཡུང་དྲུང་བོན་གྱི་འདེམས་ཐོན་སྤྱི་འཐུས། ༡) དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན། འོས་གྲངས་༡༡༩ ༢) དགེ་བཤེས་སྨོན་ལམ་མཐར་ཕྱིན། འོས་གྲངས་༡༡༨

ལྷོ་བྱང་ཨ་རིའི་འདེམས་ཐོན་སྤྱི་འཐུས། ༡) བསྟན་འཛིན་འཇིགས་མེད། འོས་གྲངས་༦༡༤༢ ༢) དོན་གྲུབ་ཚེ་རིང་། འོས་གྲངས་༥༤༡༩

ཡུ་རོབ་དང་ལྷོ་ཨ་ཧྥི་རི་ཀའི་འདེམས་ཐོན་སྤྱི་འཐུས། ༡) ཐུབ་བསྟན་དབང་ཆེན། འོས་གྲངས་༤༩༤༤ ༢) ཐུབ་བསྟན་རྒྱ་མཚོ། འོས་གྲངས་༢༨༨༤

རྒྱ་བར་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་། ཨོ་སེ་ཀྲེ་ལེ་ཤི་ཡའི་འདེམས་ཐོན་སྤྱི་འཐུས། ༡) རྡོ་རིང་བསྟན་འཛིན་ཕུན་ཚོགས། འོས་གྲངས་༧༣༩ བཅས་ཡིན་པ་རེད།

ཐེངས་འདིའི་དངོས་གཞིའི་འོས་བསྡུའི་སྐབས་འོས་མི་དྲིལ་བསྒྲགས་བྱེད་ཕྱོགས་དང་མི་གཞི་ལ་སྐྱོན་བརྗོད་ལྟ་བའི་འོས་བསྡུའི་སྒྲིག་གཞི་དང་འགལ་བའི་གནས་ཚུལ་བྱུང་ཡོད་མེད་དང་། དེ་ལ་སྒྲིག་གཞི་བཞིན་ཉེས་ཆད་གཏོང་དགོས་བྱུངཡོད་མེད་སྐོར་གསར་འགོད་པས་དྲིས་པར། སྔོན་འགྲོའི་སྐབས་གནད་དོན་གཅིག་བྱུང་བ་རེད། དེ་ཚང་མས་ཤེས་ཀྱི་རེད། དེ་མིན་ཆུང་ཆུང་ཏོག་ཙམ་རེ་མི་ཡིན་པའི་ཆ་ནས་གང་སར་ཡོང་སྲིད་པ་ཞིག་རེད་མ་གཏོགས། ཁྱོན་ཡོངས་ནས་འོས་བསྡུའི་ལས་དོན་ཐོག་དཀའ་ངལ་ཁྱོན་ནས་མེད་པར་ཚགས་ཚུད་པོ་བྱུང་ཡོད་སྐོར་འོས་བསྡུའི་འགན་འཛིན་གྱིས་འགྲེལ་བརྗོད་གནང་སོང་། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།