༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་བསྡུས་སོང་།  

༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ནང་། འཛམ་གླིང་གི་ས་ཕྱོགས་མི་འདྲ་བ་༢༦ ནས་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་ཁྱོན་བསྡོམས་༨༣༠༣༩ བྱུང་འདུག

དེ་རིང་སྟེ་ཕྱི་ཟླ་༤ ཚེས་༡༡ ཉིན་འཛམ་གླིང་ཁྱོན་དུ་བཙན་བྱོལ་བོད་ཀྱི་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་བསྡུས་སོང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་རྟེན་གཞིར་གྱུར་བའི་བཞུགས་སྒར་དྷ་ས་ནས་སྔ་དྲོའི་ཆུ་ཚོད་༨ ནས་འོས་བསྡུའི་ལས་རིམ་དངོས་སུ་འགོ་བརྩམས་སོང་། 

དབུས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་གིས་ཐེངས་འདིའི་དངོས་གཞིའི་འོས་བསྡུའི་ཆེད་དུ་དེབ་སྐྱེལ་བྱེད་མཁན་ཁྱོན་བསྡོམས་མི་གྲངས་༨༣༠༣༩ བྱུང་ཡོད་སྐོར་གསུངས་པའི་ཐོག “དེ་རིང་ངས་འདིར་རྣམ་པ་ཚོ་ལ་དགའ་བཞིན་སྤྲོ་བཞིན་ཞུ་རྒྱུ་དེ་ལ། འཛམ་བུ་གླིང་ཁྱོན་ཡོངས་ཀྱི་ནང་ལ་ད་ལྟའི་ཆར་བོད་པའི་འོས་འཕེན་པ་ཡོད་སའི་ས་ཕྱོགས་༢༦ རེད། ༢༦ ཡོངས་རྫོགས་ལ་དངོས་གཞིའི་འོས་བསྡུ་ཐུབ་ཀྱི་ཡོད་པ་དང་། རྒྱལ་ཁབ་ཡོངས་རྫོགས་ནང་ལ་ཞེ་དྲག་ཡག་པོ་ཡོང་བའི་རེ་བ་ཞུ་ཡི་ཡོད་”ཅེས་གསུངས་སོང་།

དེ་རིང་འོས་བསྡུའི་ཉིན་མོ་དང་འབྲེལ་བའི་ཐད་ལ། སྲིད་སྐྱོང་བློ་བཟང་སེང་གེས་“དེ་རིང་ནི་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ལྷན་དུ་འཛོམས་ནས་མང་གཙོར་ཆ་ཤས་ལེན་པ་དང་། ལོངས་སུ་སྤྱོད་པའི་ཉིན་མོ་གཟི་བརྗིད་ལྡན་པ་ཞིག་རེད་”ཅེས་གསུངས་པ་མ་ཟད། “ང་ཚོས་པེ་ཅིང་སྲིད་གཞུང་ལ་ཐད་ཀར་རྒྱ་ནག་ལ་མང་གཙོ་ཡོད་མ་རེད་ཅེས་བརྡ་ལན་སྟེར་གྱི་ཡོད། བོད་དུ་ཡོད་པའི་བོད་མི་ཚོར་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད་མ་རེད། ཡིན་ན་ཡང་། ༧གོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲོད་འོག་ནས་ང་ཚོ་བཙན་བྱོལ་དུ་ཡོད་པ་ཚོར་མང་གཙོ་གསོལ་རས་སུ་གནང་ཡོད་”ཅེས་གསུངས་སོང་། 

གཞན་ཡང་། ཁོང་གིས་“སྲིད་སྐྱོང་གསར་པས་སྣེ་ཁྲིད་པའི་བཀའ་ཤག་ལ་ལམ་ལྷོང་ཡོང་བར་ཤོག་ཅེས་སྨོན་ལམ་རྒྱག་རྒྱུ་ཡིན། བཀའ་ཤག་འདི་ལས་ལྷག་ཙམ་རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་རག་རྒྱུ་དང་། དཔལ་འབྱོར་ཐོག་ནས་རྒྱབ་སྐྱོར་རག་རྒྱུ། བོད་དོན་འདི་རྒྱལ་སྤྱིའི་ཐོག་ཏུ་སྐྱེལ་ཐུབ་པ་བཅས་ལ་ཁ་ཞེ་གཉིས་མེད་ཀྱིས་སྨོན་ལམ་རྒྱག་རྒྱུ་ཡིན། གང་ཡིན་ཟེར་ན་འཛིན་སྐྱོང་ཟེར་བ་མགོ་རྙོག་པོ་ཡོད་རེད། ལས་སླ་པོ་ཞིག་ཡོད་མ་རེད། སུ་ཕེབས་པ་ཡིན་ན་ཡང་དཀའ་ལས་ཏོག་ཙམ་ཡོད་རེད་”ཅེས་གསུངས་སོང་། 

ཁོང་ལ་སྲིད་སྐྱོང་གསར་པ་དང་བཀའ་ཤག་གསར་པར་བསླབ་བྱ་ལམ་སྟོན་ཞིག་ཡོད་མེད་སྐོར་དྲིས་པར། ཁོང་གིས་“ངས་བསླབ་བྱ་གང་ཡང་བྱེད་རྒྱུ་མིན། སྲིད་སྐྱོང་གསར་པ་དང་ཁོང་གི་ལས་རོགས་ཚོས་ངེས་པར་དུ་སོ་སོའི་འཆར་གཞི་དང་སྲིད་བྱུས་ཐེན་ནས་དེ་ལྟར་ལག་བསྟར་བྱེད་དགོས། ང་ཚོས་གང་བྱེད་ཐུབ་པ་དེ་སེམས་གཏིང་ནས་ཁོང་ཚོར་བྱ་བ་ལམ་འགྲོ་ཡོང་བ་དང་། ཁོང་ཚོ་ང་ཚོ་ལས་ལྡབ་ཀྱིས་བཟང་བ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དེ་རེད་’ཅེས་ལན་གནང་སོང་། 

འོས་བསྡུའི་གྲངས་བཤེར་དེ་ཆུ་ཚོད་༢༤ རྗེས་ནས་འགོ་བརྩམ་རྒྱུ་ཡིན་པ་དང་། གཞུང་འབྲེལ་ཐོག་ནས་འོས་གྲངས་ཕྱོགས་བསྡོམས་ཁྱབ་བསྒྲགས་བྱེད་པའི་དུས་ཚོད་ཕྱི་ཟླ་༥ ཚེས་༡༤ ལ་གཏན་འཁེལ་ཡོད་པ་རེད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།