༢༠༢༣ ལོ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཆེ་བ་འཕྲད་སྲིད།

ཟླ་འདིའི་ཚེས་༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་སྔོན་མ་ལས་ལོ་འདིའི་ནང་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཆེ་བ་འཕྲད་སྲིད་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་འགན་འཛིན་ཁེ་རི་སི་ཊོ་ལི་ན(Kristalina Georgieva) ཡིས་ཡུ་རོབ་དང་ཨ་རི། རྒྱ་ནག་བཅས་ཀྱི་དཔལ་འབྱོར་གྱི་འཕར་ཚད་དལ་བུ་འགྱུར་བཞིན་ཡོད་པར་བརྟེན། ལོ་སྔོན་མ་དང་བསྡུར་ན་ལོ་འདིའི་ནང་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཆེ་བ་འཕྲད་སྲིད་པ་དང་། ཐ་ན་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་མེད་མཁན་རྒྱལ་ཁབ་ཚོའི་ནང་དུ་ཡང་མི་མང་ས་ཡ་མང་པོ་ལ་དཔལ་འབྱོར་ཉམས་རྒུད་འགྲོ་ཡི་ཡོད་པ་ལྟ་བུའི་ཚོར་སྣང་དང་དཀའ་ངལ་ཡོང་སྲིད་པ་རེད་བཅས་བརྗོད་ཡོད་འདུག

དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཡོང་སྲིད་པའི་རྒྱུ་མཚན་གཙོ་བོ་ནི་ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་འགོ་བཙུགས་ནས་ད་བར་ཟླ་བ་༡༠ ལྷག་ཕྱིན་རུང་ད་དུང་མཚམས་འཇུག་བྱེད་མེད་པ་དང་། རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དཀའ་ངལ་ཆེན་མོ་འཕྲད་བཞིན་པ། དེ་བཞིན་ཅ་དངོས་ཀྱི་གོང་ཚད་འཕར་པ་དང་སྐྱེད་ཀའི་ཚད་གཞི་མཐོ་རུ་འགྲོ་བ་སོགས་ཡིན་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་འགན་འཛིན་གྱིས་འཛམ་གླིང་ཐོག་དཔལ་འབྱོར་ཨང་གཉིས་པ་ཡིན་པའི་རྒྱ་ནག་གིས་སྟོང་ལོ་གསར་པ་འདི་ནི་དཀའ་ཚེགས་ཆེན་མོ་ཞིག་གི་འོག་ཏུ་འགོ་བཙུགས་ཡོད་པ་དང་། མ་འོངས་ཟླ་བ་ཁ་ཤས་ཀྱི་ནང་དུ་རྒྱ་ནག་ལ་དཀའ་ངལ་དེ་ལས་ཆེ་བ་ཡོང་རྒྱུ་དང་། དཀའ་ངལ་དེ་ཡིས་རྒྱ་ནག་ནང་ཙམ་མ་ཟད་རྒྱལ་སྤྱིིའི་ཁྱོན་ཡོངས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་འགྲེལ་བརྗོད་བྱས་འདུག

རྒྱལ་སྤྱིིའི་མ་དངུལ་ཐེབས་རྩ་ཞེས་པའི་ཁོངས་སུ་ཚོགས་མི་རྒྱལ་ཁབ་༡༩༠ ཡོད་པ་དང་། རྒྱལ་སྤྱིིའི་དཔལ་འབྱོར་གོང་འཕེལ་དང་ཚོང་ལས་ཡར་རྒྱས། རྒྱལ་ཁབ་དབར་གྱི་དངུལ་བརྗེས་འཛའ་ཐང་སོགས་ལ་སྟངས་འཛིན་གྱི་ཆེད་དུ་བཙུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་སྒྲིག་འཛུགས་ཤིག་ཡིན་འདུག་ལ། ཚོགས་པ་དེ་མཉམ་རུབ་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་ཡོང་བར་འབད་བརྩོན་དང་སྔོན་ཚུད་ནས་དཔལ་འབྱོར་གྱི་གནས་སྟངས་ཐོག་ལ་ཉེན་བརྡ་གཏོང་གི་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply