༢༠༢༣ ལོའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཟེངས་རྟགས་དེ་བཀྲས་མཐོང་ལྷ་སྒྲོན་ལ་གནང་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལ་༢༠༢༣ ལོའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བྱ་དགའ་གནང་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་གཙོས་པའི་བརྒྱུད་ལམ་ཁག་གི་གནས་ཚུལ་སྤེལ་གསལ། ༢༠༢༤ ཟླ་༡ ཚེས་༡༨ ཉིན་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་ཁོང་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བྱ་དགའ་དེ་གནང་འདུག་པ་དང་། དེ་ཡང་ཁོང་གིས་བསྟི་གནས་ཁང་གི་ལས་འཁུར་ཞུས་པའི་ཐོག་ནས་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་ཐོག་ནས་གྲངས་ཉུང་མི་རིགས་ལ་གནོད་འཚེ་གཏོང་བཞིན་པའི་གནས་ཚུལ་རྣམས་འཛམ་གླིང་མི་མང་ལ་གོ་རྟོགས་སྤེལ་བ་དང་། རྒྱ་ནག་གཞུང་གི་དམ་དྲག་དང་བཀག་འགོག་ཆེ་ཡང་བོད་ཕྱི་ནང་གི་གནས་ཚུལ་རང་དབང་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་ནུས་པའི་འཕྲུལ་རིག་མཁོ་ཆས་བཟོ་སྐྲུན་བྱས་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་རང་དབང་སྲུང་སྐྱོབ་ཀྱི་ལས་དོན་ཁག་ལ་བསྔགས་བརྗོད་དང་ཆེ་བསྟོད་གནང་བ་ཞིག་ཡིན་འདུག ཨ་རིིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་བའི་ཐོག་གཟེངས་རྟགས་ཐོབ་མཁན་རྣམས་ཀྱི་པར་སོགས་སྤེལ་འདུག་པ་དང་། བཀྲས་མཐོང་ལྷ་སྒྲོན་གྱི་པར་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད།(People’s Republic Of China-Tibet )ཅེས་བྲིས་འདུག་པས་དེར་དྲི་བ་དང་བསམ་ཚུལ་འདོན་མཁན་ཡང་འདུག
ཐེངས་འདིའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བྱ་དགའ་ཐོབ་མཁན་རྒྱལ་ཁབ་ཁག་བདུན་ཙམ་ནས་བོད་བརྒྱུད་ནང་བསྟན་དང་ཡེ་ཤུ་སོགས་ཆོས་ལུགས་འདྲ་མིན་གྱི་མི་སྣ་བརྒྱད་ཚུད་ཡོད་འདུག་ཅིང་། བྱ་དགའ་འདི་གཙོ་བོར་རྒྱལ་སྤྱིའི་ཁྱོན་དུ་ཆོས་ལུགས་ཀྱི་རང་དབང་སྲུང་སྐྱོབ་དང་ཆོས་ལུགས་ཀྱི་ལས་དོན་སྤེལ་རྒྱུའི་སྙིང་སྟོབས་ལྡན་པ་རྣམས་ལ་དམིགས་པ་ཞིག་ཡིན་འདུག
བཀྲས་མཐོང་ལྷ་སྒྲོན་གྱིས་བྱ་དགའ་འདི་འདྲ་ཞིག་ཐོབ་པ་ནི་བོད་མིའི་ཆོས་དད་རང་དབང་ཆེད་ལས་དོན་བསྒྲུབས་པར་ངོས་འཛིན་ཐོབ་ཚུལ་དང་ཁོང་སྒེར་ལ་དགའ་ཚོར་ཆེན་པོ་བྱུང་བའི་སྐོར། བྱ་དགའ་འདི་ནི་བོད་ནང་གི་བོད་མི་དང་བོད་ཕྱི་ཕྱོགས་སུ་བཞུགས་པའི་བོད་མི་ཚོའི་རང་དབང་དང་ཐོབ་ཐང་གི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་པའི་མཚོན་དོན་དང་བརྡ་ལན་ཞིག་ཡིན་ཞིང་། དེ་ཡང་ད་ཆ་བོད་ནང་དུ་བོད་ཕྲུག་ས་ཡ་གཅིག་ཙམ་རང་གི་ཕ་མའི་སར་ནས་ཁ་བྲལ་བཏང་སྟེ་བྱིས་པ་རྣམས་གཏན་འཇགས་སློབ་གྲྭར་བཙན་དབང་གིས་བཅུག་པའི་དུས་ཚོད་ཅིག་ལ་འཁེལ་བས་གནད་འགག་ཆེན་པོ་ཆགས་པ་རེད་སོགས་དང་། བོད་མིའི་འཐབ་རྩོད་ནི་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོའི་འཐབ་རྩོད་ལ་ངོས་འཛིན་གནང་སྟེ་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པས། དུས་སྐབས་འདིར་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བྱ་དགའ་འདི་འདྲ་ཞིག་ཐོབ་པ་ནི་བློ་སྤོབས་སྐྲུན་གཞི་གཅིག་ཡིན་སྐོར་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་འདུག
བཀྲས་མཐོང་ལྷ་སྒྲོན་ནི་ཕྱི་རྒྱལ་དུ་འཚར་ལོངས་བྱུང་ཞིང་། ད་བར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་གནང་མྱོང་ཡོད་པ་དང་། བོད་དོན་ལས་འགུལ་བསྟི་གནས་ཁང་གསར་འཛུགས་གནང་མཁན། བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་གྱི་ལས་འཁུར་ཞུས་ཏེ་བོད་མིའི་སྤྱི་ཚོགས་ཁྲོད་འཕྲུལ་རིགས་དང་དྲ་རྒྱའི་བདེ་འཇགས་འབྲེལ་བའི་ལས་དོན་མང་པོ་བརྩམས་ཡོད་འདུག་ལ། བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ཞིབ་འཇུག་གནང་བཞིན་པ་བཅས་ཡིིན་འདུག་པ་མ་ཟད།
ཕྱི་ལོ་ ༢༠༠༨ ལོའི་ཨོ་ལིམ་ཕིག་རྩེད་འགྲན་སྐབས་ཁོང་རྒྱ་ནག་པེ་ཅིན་དུ་ཕྱིན་ནས་བོད་དོན་ལས་འགུལ་སྤེལ་བར་བརྟེན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཕྱིར་ལོག་བཏང་ཡོད་འདུག གཞན་ཡང་ཁོང་ལ་༢༠༡༡ ལོར་རྒྱལ་སྤྱིའི་ཞི་བའི་རྩོད་རྙོག་འདུམ་སྒྲིག་ཁང་གི་འཚེ་མེད་ཞི་བའི་ལོ་འཁོར་གཟེངས་རྟགས་དང་། ༢༠༡༩ ལོར་ཨ་རིའི་དམངས་གཙོ་ཡར་ཐོན་ཐེབས་རྩ་ཁང་གི་དམངས་གཙོའི་བྱ་དགའ་སོགས་བཞེས་མྱོང་ཡོད་འདུག།
གསར་འགོད་པ། བསྟན་འཛིན་ལམ་བཟང་།