༢༠༢༤ལོའི་ཨ་རིའི་སྲིད་འཛིན་འོས་མི་གཉིས་བར་གདོང་ཐུག་གི་བགྲོ་གླེང་ཐོག་མ་དེ་བྱས།

༢༠༢༤ ལོའི་ཨ་རིའི་སྲིད་འཛིན་འོས་མི་གཉིས་བར་གདོང་ཐུག་གི་བགྲོ་གླེང་ཐོག་མ་དེ་བྱས།
དེ་རིང་ཨ་རིའི་ནང་ཕྱི་ལོ་༢༠༢༤ ལོའི་སྲིད་འཛིན་འོས་མི་གཉིས་བར་བགྲོ་གླེང་ཐོག་མ་དེ་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་ཐད་གཏོང་བྱས་སོང་། ཐེངས་འདིའི་བགྲོ་གླེང་ནང་སྔར་དང་མི་འདྲ་བའི་བགྲོ་གླེང་འཚོགས་སྟངས་ཞིག་ནི་བགྲོ་གླེང་གནང་སའི་ཚོགས་ཁང་ནང་འོས་མི་གཉིས་དང་བགྲོ་གླེང་གཙོ་སྐྱོང་བ་གཉིས་ལས་གཞན་མི་མང་གཅིག་ཀྱང་མི་འདུག་ལ། མི་མང་ཡོངས་རྫོགས་ཀྱིས་ཐད་གཏོང་བརྒྱུད་ནས་ལྟ་དགོས་ཀྱི་འདུག དེ་བཞིན་དེ་རིང་གི་བགྲོ་གླེང་ནང་ཨ་རིའི་དཔལ་འབྱོར་དང་དམག་དོན། ཕྱི་འབྲེལ། ས་མཚམས་ཀྱི་གནད་དོན། རྒྱལ་སྤྱིའི་ནང་ད་ལྟ་འབྱུང་བཞིན་པའི་དམག་འཁྲུག་སོགས་ཀྱི་གནད་དོན་གལ་ཆེན་དུ་མ་ཞིག་གི་སྐོར་གླེང་སློང་གནང་སོང་།

ཕྱི་ཚེས་༢༨ ཉིན་ཨ་རིའི་ནང་གི་ཚུ་ཚོད་༩ ཐོག་ཨ་རིའི་གསར་ཁང་གྲགས་ཅན་CNNགྱི་གཙོ་སྐྱོང་འོག་སྤྱི་མཐུན་ཚོགས་པའི་འོས་མི་ཌོ་ནལ་ཊམ་དང་། མང་གཙོ་ཚོགས་པའི་འོས་མི་ད་ལྟ་ལས་ཐོག་སྲིད་འཛིན་ཇོ་བྷ་ཌན་གཉིས་བགྲོ་གླེང་གནང་སོང་། བགྲོ་གླེང་གི་ཐོག་མར་གཙོ་སྐྱོང་བས་དྲི་བ་དྲིས་དོན། ཨ་རིའི་མི་མང་གིས་དོ་སྣང་ཆེན་པོ་བྱེད་ས་གཅིག་ནི་ད་ལྟའི་ཨ་རིའི་ནང་གི་དཔལ་འབྱོར་གྱི་གནས་སྟངས་དང་། དམིགས་བསལ་ད་ལྟའི་ཆར་ཨ་རིའི་ནང་དངོས་ཟོག་གི་རིན་གོང་འཕར་བའི་གནད་དོན་སྐོར་རེད།
སྲིད་འཛིན་བྷ་ཌན་ཁྱོད་ཀྱི་སྲིད་འཛིན་དུས་ཡུན་སྐབས་དང་། སྲིད་ཟུར་ཌོ་ནལ་ཊམ་གཉིས་བར་ཁྱད་པར་ཅི་ཡོད་ཅེས་དྲིས་པར། ཇོ་བྷ་ཌན་གྱིས་ང་ཐོག་མ་སྲིད་འཛིན་གྱི་ལས་ཁུངས་ནང་ཡོང་དུས་ཨ་རིའི་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་ཛ་དྲག་ཅན་ནང་འདུག་ལ། ལས་མེད་ཀྱི་གྲངས་ཀ་ནི་བརྒྱ་ཆ་༡༥ བར་འཕར་འདུག ཏོག་དབྱིབས་ནད་དུག་གི་གནས་སྟངས་ནི་ཚོད་འཛིན་དཀའ་བའི་གནས་སུ་ལྷུང་འདུག དུས་སྐབས་དེ་འདྲ་ཞིག་གི་སྐབས་སུ་ངས་ལས་ཀ་སྟོང་ཕྲག་༥༠ ཙམ་གསར་སྐྲུན་བྱས་པ་ཡིན་ལ། ཐོན་རྫས་གསར་བཟོའི་ལས་ཀ་སྟོང་ཕྲག་༨༠༠ ཙམ་གསར་སྐྲུན་བྱས་པ་ཡིན། སྲིད་འཛིན་ཌོ་ནལ་ཊམ་ལས་མཚམས་བཞག་རྗེས་སྤྱི་ཡོངས་ཀྱི་གནས་སྟངས་ཛ་དྲག་ཅན་དུ་ལྷུང་འདུག་པས། ངས་གནས་སྟངས་དེ་དག་ཐམས་ཅད་ལ་གདོང་ལེན་བྱས་ནས་ད་ལྟ་རྒྱུན་ལྡན་ལྟར་འཛིན་སྐྱོང་ཐུབ་ཡོད་ལ། མ་འོངས་པར་སྲིད་འཛིན་ཆགས་ན་གནད་དོན་དེ་དག་ལ་སྔར་ལས་ལྷག་གདོང་ལེན་བྱས་ནས་ཡར་རྒྱས་གཏོང་རྒྱུ་ཡིན་པར་བརྗོད་སོང་།
སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཁོང་སྲིད་འཛིན་སྐབས་སུ་ཨ་རིའི་དཔལ་འབྱོར་གྱི་གནས་སྟངས་དང་དམག་དོན་གང་ཐད་ནས་སུས་ཀྱང་འགྲན་ཟླ་བྲལ་བ་གཞན་གྱི་མིག་དཔེ་ལྟ་ཡུལ་དུ་གྱུར་ཡོད་ལ། རྒྱལ་སྤྱིའི་ཁྱོན་ཡོངས་ནང་དམག་འཁྲུག་མེད་པ་སོགས་ཧ་ཅང་གིས་ལེགས་གྲུབ་བྱུང་ཡོད། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ཏོག་དབྱིབས་ནད་དུག་ཡོང་ནས་འཛམ་གླིང་གང་སར་དཔའ་འབྱོར་ལ་དཀའ་ངལ་འཕྲད་ཆེན་པོ་འཕྲད་ཡོད། སྐབས་དེ་དུས་ཨ་རིའི་མ་རྐང་ཁྲོམ་རྭའི་གནས་སྟངས་ནི་ཏོག་དབྱིབས་ནད་དུག་མ་ཡོང་སྔོན་ལས་ཡག་པ་བྱུང་ཡོད། དེ་འདྲ་ཡོང་ཐུབ་རྒྱུ་སུས་ཀྱང་བསམས་མྱོང་མེད། ནད་དུག་སྐབས་སུ་ང་ཚོས་རྒྱལ་ཁབ་ཀྱི་མ་དངུལ་རྣམས་མི་མང་ལ་དོན་ཕན་ལྡན་པ་ཡོང་ཐབས་སུ་བཏང་ནས་ཏོག་དབྱིབས་ནད་དུག་ཚོད་འཛིན་ཡག་པོ་བྱས་ཡོད། ཇོ་བྷ་ཌན་གྱིས་ལས་ཀ་ཚང་མ་ཕྱི་མི་གནས་སྤོ་ཡོང་མཁན་ཚོ་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ལ་བྱས་ཡོད་པ་ལས་གཞན་སུ་ལ་ཡང་བྱས་མེད། ཏོག་དབྱིབས་ནད་དུག་ཚོད་འཛིན་ཡག་པོ་བྱས་མེད་པ་དང་། ད་ལྟ་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ཉམས་རྒུད་དུ་ཕྱིན་ནས་ང་ཚོ་ཚང་མའི་དངོས་ཟོག་རིན་གོང་འཕར་ནས་དཀའ་ངལ་ནང་ལྷུང་བཞིན་ཡོད་ཅེས། ཇོ་བྷ་ཊན་གྱི་འཛིན་སྐྱོང་ལ་སྐྱོན་བརྗོད་ཆེན་པོ་བྱས་སོང་།
ཇོ་བྷ་ཌན་གྱིས་ལན་འདེབས་ཀྱི་ཚུལ་དུ་སྲིད་འཛིན་ཌོ་ནལ་ཊམ་སྐབས་སུ་ཨ་རིའི་དཔལ་འབྱོར་གྱི་སྟོབས་ཤུགས་ནི་ཆེ་ཤོས་དེ་མིན་པ་དང་། ཁོའི་སྐབས་སུ་ཨ་རིའི་ནང་དཔྱ་ཁྲལ་མེད་པ་བཟོས་ནས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཉིས་མེད་པར་གྱུར་ཡོད། མི་མང་སྟོང་ཕྲག་མང་པོའི་ལས་ཀ་ཤོར་ཡོད། ཨབ་གྷ་ནི་སི་ཐན་ནང་མི་མང་པོ་དམར་གསོད་གཏོང་བཞིན་ཡོད་ཀྱང་ཁོས་གང་ཡང་བྱས་མེད། ངའི་སྐབས་སུ་ཨ་རིའི་དམག་མི་གཅིག་ཀྱང་གཞན་གྱི་ས་ཐོག་ཏུ་བཏང་ནས་སྲོག་ཤོར་བ་སོགས་ཀྱི་གནད་དོན་གང་ཡང་བྱུང་མེད་ཅེས་བརྗོད།
ཌོ་ནལ་ཌམ་གྱིས་ཁོང་མ་འོངས་པར་སྲིད་འཛིན་དུ་གྱུར་ན་རྒྱ་ནག་ལྟ་བུ་ལ་དེ་སྔོན་དཔལ་འབྱོར་གྱི་ཁྲལ་ཆེན་པོ་བརྒྱབ་ཡོད་པ་བཞིན་ཁྲལ་སྤར་ནས་དངོས་ཟོག་རིན་གོང་མཐོ་རུ་འགྲོ་བཞིན་པ་རྣམས་ཚོད་འཛིན་བྱེད་རྒྱུ་ཡིན་ཞེས་བརྗོད་སོང་ལ། ཁོང་གི་སྐབས་སུ་ཨབ་གྷ་ནི་སི་ཐན་ནས་ཨ་རིའི་དམག་མི་རྣམས་ཆེ་མཐོང་ལྡན་པ་དང་། གཟི་བརྗིད་དང་ལྡན་པའི་ཐོག་ནས་ཕྱིར་ཐོན་ཡོད་ཀྱང་། བྷ་ཌན་སྐབས་སུ་ཨ་རི་ལ་ངོ་ཚ་ཆེན་པོ་བྱུང་ཡོད་ལ། ཡོད་ཚད་སྟངས་འཛིན་དཀའ་བའི་གནས་སུ་གཡུགས་ནས་ཐོན་ཡོད་ཅེས་བརྗོད།
གཙོ་སྐྱོང་བས། ཌོ་ནལ་ཌམ་ལ་ཁྱེད་སྲིད་འཛིན་ཡིན་དུས་དཔྱ་ཁྲལ་མང་པོ་མེད་པ་བཟོས་ཡོད་པ་དང་། ཚོང་གཉེར་ཁང་དང་དཔལ་འབྱོར་མཉམ་ལས་ཁང་དེ་དག་ལ་དཔྱ་ཁྲལ་ཉུང་དུ་བཏང་ན་ཁེ་ཕན་གང་ཡོད་འདྲི་དུས། དཔྱ་ཁྲལ་ཉུང་དུ་བཏང་ན་ཚོང་གཉེར་ཁང་དེ་དག་གིས་རྒྱལ་ཁབ་ནང་ལས་ཀ་མང་བ་བྱེད་ཐུབ་པ་དང་། ཕྱི་ཕྱོགས་ནས་དངུལ་ཁྲག་ཁྲིག་མང་པོ་ནང་འདྲེན་ཐུབ་ཀྱི་ཡོད། ངའི་སྐབས་སུ་དཔྱ་ཁྲལ་བརྒྱ་ཆ་༣༩ ནས་༢༡ བར་ཉུང་དུ་བཏང་བ་ཡིན། མ་འོངས་པར་ཡང་དཔྱ་ཁྲལ་ཉུང་དུ་གཏང་རྒྱུ་ཡིན་པར་བརྗོད་སོང་ལ། བྷ་ཌན་སྲིད་གཞུང་ལ་སྐྱོན་བརྗོད་བྱས་དོན། ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་དང་། ནད་དུག་གི་གནས་སྟངས་ཚོད་འཛིན་ཡག་པོ་བྱས་མེད། ཨ་རི་གཅིག་པུར་མིན། རྒྱལ་སྤྱིའི་ནང་དུ་ཡང་ད་ལྟའི་ཨ་རིའི་འགོ་ཁྲིད་ལ་ཆེ་མཐོང་མེད། ཨ་རིའི་རྒྱལ་ཁབ་ལ་གུས་བཀུར་མེད། ཨ་རི་ནི་ད་ཆ་གྲལ་རིམ་གསུམ་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་དུང་ཨ་རིའི་ནང་ཕྱི་མི་གནས་སྤོ་བ་དང་ཁྲིམས་འགལ་བ་མང་པོ་ཡོང་བཅུག་ནས་ང་ཚོ་ཚང་མ་དཀའ་ངལ་ནང་ལྷུང་བཞིན་ཡོད་ཅེས་བརྗོད།
བྷ་ཌན་གྱིས་དེ་ལ་ལན་འདེབས་ཀྱི་ཚུལ་དུ་ཌོ་ནལ་ཌམ་གྱིས་དཔྱ་ཁྲལ་ཉུང་དུ་བཏང་བ་ནི་འབྱོར་ལྡན་པ་རྣམས་ཀྱི་ཁེ་ཕན་ཆེད་ཡིན་པ་ལས་གཞན་མིན། ཨ་རིའི་ནང་སྒོར་ཐེར་འབུམ་གྱི་བདག་པོ་སྟོང་ཕྲག་ཡོད། ཁོང་ཚོ་ལ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཉིས་ཀྱི་དཔྱ་ཁྲལ་ཉུང་དུ་བཏང་ན། ལོ་ལྔའི་ནང་ཁྲག་ཁྲིག་ཆེན་པོ་བཅུ་ཡིན་པ་དང་། ཨ་སྒོར་དེ་དག་གཞུང་ལ་རག་ན་སྒོར་མོ་དེ་དག་གིས་སློབ་ཕྲུག་ཚོ་ལ་སློབ་ཡོན། འཕྲོད་བསྟེན་ལས་གཞི། བྱིས་པ་དང་རྒན་འཁོགས་ལྟ་སྐྱོང་ལ་སོགས་པའི་ལས་གཞི་མང་པོ་སྤེལ་ཆོག་ཅེས་བརྗོད།
ཌོ་ནལ་ཊམ་གྱིས་དེ་ལ་ལན་འདེབས་ཀྱི་ཚུལ་དུ་བྷ་ཌན་གྱིས་ཨ་རིའི་ནང་ཕྱི་མི་གནས་སྤོ་བ་ས་ཡ་མང་པོ་གཏོང་བཞིན་ཡོད་པ་དང་། དེ་དག་གིས་ཨ་རིའི་སྤྱི་ཚོགས་ཀྱི་བདེ་འཇགས་དང་། སྨན་བཅོས་ལྟ་སྐྱོང་གི་ལས་གཞི། ལས་ཀ་སོགས་ཡོད་ཚད་ལ་ཉེན་ཁ་བཟོ་བཞིན་ཡོད། ཁོ་ནི་ཁྲིམས་འགལ་བ་ཞིག་རེད། འདས་པའི་ལོ་བཞིའི་རིང་ཨ་རི་ལ་སུས་ཀྱང་ཆེ་མཐོང་སྤྲོད་མཁན་མེད། ངོ་ཚ་དགོས་པ་ཞིག་རེད་ཅེས་བརྗོད།
དེ་བཞིན་ཕྲུ་གུ་མངལ་ནས་མེད་པ་བཟོ་ཆོག་མིན་གྱི་ཁྲིམས་ལུགས་དང་འབྲེལ་བའི་སྐོར་གླེང་སློང་བྱས་སོང་ལ། ད་ལྟ་ཨ་རིའི་ནང་ཕྲུ་གུ་མངལ་ནས་མེད་པ་བཟོ་ཆོག་མིན་གྱི་ཁྲིམས་ལུགས་ཤིག་ཆེས་མཐོའི་ཁྲིམས་ཁང་ནང་འགྲོ་བཞིན་ཡོད་འདུག་པ་དང་། སྤྱིར་བཏང་ཨ་རིའི་ནང་ཕྲུ་གུ་མངལ་ནས་མེད་པ་བཟོ་ཆོག་མིན་གྱི་ཁྲིམས་ལུགས་དེ་མངའ་སྡེ་སོ་སོར་ཁྲིམས་ལུགས་མི་འདྲ་བ་ཡོད་པས། མ་འོངས་པར་ཁྲིམས་ལུགས་བཟོ་མིན་སོགས་ཀྱི་ཐོག་གླེང་སློང་བྱས་སོང་།
གཙོ་སྐྱོང་བས་ཕྱི་མི་གནས་སྤོ་བ་དང་ས་མཚམས་ཀྱི་གནད་དོན་སྐོར་དྲིས་དོན། བྷ་ཌན་གྱི་དུས་ཡུན་སྐབས་སུ་ས་མཚམས་བརྒལ་ནས་ཨ་རིའི་ནང་ཡོང་མཁན་ཧ་ཅང་མང་པོ་བྱུང་ཡོད་འདུག མངའ་སྡེ་འགའ་ཤས་ལ་བདེ་འཇགས་ཐད་སེམས་འཚབ་ཀྱང་བྱུང་འདུག་པས་བྷ་ཌན་རང་ལ་མི་མང་གིས་འོས་བླུགས་ན་ས་མཚམས་གནད་དོན་སེལ་ཐུབ་ཀྱི་རེད་དམ་ཞེས་དྲིས། བྷ་ཌན་གྱིས་སྲིད་དོན་ཚོགས་པ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་ནས་ས་མཚམས་དང་འབྲེལ་བའི་ཁྲིམས་ལུགས་བཟོ་རྒྱུ་ཁག་པོ་འདུག་པས། མ་འོངས་པར་ས་མཚམས་སུ་ལས་བྱེད་མང་དུ་གཏོང་རྒྱུ་དང་། བཀག་འགོག་ཤུགས་ཆེ་རུ་བཏང་སྟེ་ས་མཚམས་ནས་ཁྲིམས་འགལ་ཐོག་ཕྱི་མི་ཡོང་མཁན་འགོག་རྒྱུ་ཡིན་པར་བརྗོད་སོང་།
ཌོ་ནལ་ཊམ་གྱིས་གནད་དོན་དེ་དང་འབྲེལ་བའི་སྐོར་ལ། དེ་སྔོན་ཨ་རིའི་ས་མཚམས་སྲུང་སྐྱོབ་ནི་ཧ་ཅང་བདེ་འཇགས་ཡོད་ཀྱང་། བྷ་ཌན་གྱིས་ས་མཚམས་མང་པོ་ཞིག་སྒོ་ཕྱེས་ཏེ་ཕྱི་ཕྱོགས་ནས་ཁྲིམས་འགལ་ཐོག་མི་མང་པོ་ཡོང་འཇུག་གི་ཡོད་པ་དང་། འཇིགས་སྐུལ་རིང་ལུགས་པའི་མི་མང་པོ་ཡོང་གི་ཡོད། དེ་བཞིན་དཀྱིལ་ཤར་ཡུལ་གྲུ་གཅིག་པུར་མ་ཡིན་པར་ས་ཕྱོགས་གང་ས་ནས་ཡོང་གི་ཡོད། བྷ་ཌན་སྲིད་གཞུང་གིས་སྒོ་ཕྱེས་ནས་ས་མཚམས་དཀའ་ངལ་དེ་ཡོང་གི་ཡོད་ཚུལ་བརྗོད་སོང་།
གཙོ་སྐྱོང་བས་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་སྐོར་འདྲི་སྐབས། ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་བཞིན་ཡོད། དེ་ཌོ་ནལ་ཊམ་ཁྱེད་རང་གིས་གདོང་ལེན་གང་འདྲ་བྱེད་ཀྱི་ཡིན་ཞེས་འདྲི་དུས། ཌོ་ནལ་ཊམ་གྱིས་ད་ལྟའི་དུས་སུ་ཨ་རི་ལ་སྲིད་འཛིན་ཚད་ལྡན་ཞིག་ཡོད་ན་པུ་ཊིན་གྱིས་ཡུག་རེན་ལ་བཙན་འཛུལ་བྱེད་ཀྱི་མ་རེད། ངའི་དུས་ཡུན་ནང་བཙན་འཛུལ་གང་དུ་ཡང་བྱུང་མྱོང་མེད། བྷ་ཌན་གྱི་དུས་སུ་ཨབ་གྷ་ནི་སི་ཐན་ནང་ཏ་ལི་བྷན་དྲག་སྤྱོད་པའི་བཙན་འཛུལ་བྱུང་ཡོད་པ་དང་། ཨ་རིའི་སྒོར་ཐེར་འབུམ་མང་པོའི་གོ་མཚོན་འཕྲོ་བརླག་ཕྱིན་ཡོད། ད་ལྟ་པུ་ཊིན་གྱིས་ཡུག་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད། དེ་དག་ནི་བྷ་ཌན་གྱིས་མ་འཇོན་པ་རེད། བྷ་ཌན་གྱི་སྲིད་གཞུང་འོག་ཨ་རིའི་སྟོབས་ཤུགས་དང་འགན་འཁུར་སོགས་རྒྱལ་སྤྱིའི་ནང་འཐུས་ཤོར་ཆེན་པོ་ཕྱིན་སོང་ཞེས་བརྗོད།
བྷ་ཌན་གྱིས་ཌོ་ནལ་ཊམ་གྱི་སྐབས་སུ་ཨི་རག་ནང་ཨ་རིའི་དམག་མི་མང་པོ་བསད་ཡོད་ཀྱང་ཁོས་གང་ཡང་བྱས་མེད། ངའི་སྐབས་སུ་ཨབ་གྷ་ནི་སི་ཐན་ནང་དོན་རྐྱེན་བྱུང་སྐབས་ཨ་རིའི་མི་སེར་བརྒྱ་ཕྲག་མང་པོ་ལེན་ཐུབ་ཡོད། ད་ལྟ་ཡུག་རེན་ལ་ཨུ་རུ་སུས་བཙན་འཛུལ་བྱེད་ཀྱི་ཡོད། ཌོ་ནལ་ཊམ་གྱིས་པུ་ཊིན་ལ་ཁྱེད་ཀྱིས་གང་བྱེད་འདོད་ན་བྱོས་ལབ་པ་ལས་བཀག་འགོག་བྱེད་ཀྱི་མེད་ཅེས་བརྗོད།
གཙོ་སྐྱོང་བས་ཌོ་ནལ་ཊམ་ལ་པུ་ཊིན་ཨུ་རུ་སུའི་སྲིད་འཛིན་དུས་ཡུན་གསུམ་པ་བྱེད་བཞིན་ཡོད། ཁྱེད་ཀྱིས་ཁོ་སྲིད་འཛིན་ལ་ངོས་ལེན་བྱེད་ཀྱི་ཡོད་དམ་ཞེས་དྲིས། ཌོ་ནལ་ཊོམ་གྱིས་ངས་ངོས་ལེན་བྱེད་ཀྱི་མེད། དོན་དངོས་ཐོག་དམག་དེ་ཡོང་དགོས་དོན་ཡོད་མ་རེད། གལ་སྲིད་ང་ཚོ་ལ་འགོ་ཁྲིད་ཚད་ལྡན་ཞིག་ཡོད་ན། བྷ་ཌན་གྱིས་ཡུག་རེན་ལ་ཨ་སྒོར་ཐེར་འབུམ་༢༠༠ ལྷག་ཙམ་སྤྲད་ཡོད། དེ་དག་ནི་དོན་མེད་རེད། དམག་ལ་དངུལ་དེ་འདྲ་ཕོན་ཆེན་པོ་བཏང་བ་ནི་དོན་མེད། མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་འཆོར་གྱི་ཡོད། ང་གལ་སྲིད་སྲིད་འཛིན་ཆགས་ན་སྲིད་འཛིན་གྱི་ལས་ཀ་འགོ་འཛུགས་མ་བྱས་སྔོན་དུས་ནས་དམག་མཚམས་འཇོག་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བརྗོད་སོང་།
བྷ་ཌན་གྱིས་པུ་ཊིན་ནི་དམག་འཁྲུག་གི་ཉེས་ཅན་པ་དེ་རེད། ཁོས་ཨུ་རུ་སུའི་མཉམ་འབྲེལ་མཐུན་ཚོགས་དེ་བསྐྱར་དུ་འཛུགས་འདོད་ཡོད་རེད། ང་ཚོས་ཡུག་རེན་ལ་གོ་མཚོན་སྤྲད་པ་ལས་དངུལ་སྤྲོད་རྒྱུ་མ་བྱུང་། གལ་སྲིད་ཡུག་རེན་ལ་རོགས་རམ་མ་བྱས་ན་བྱང་ཆིངས་སྒྲིག་འཛུགས་ལ་ཉེན་ཁ་ཆེན་པོ་ཡོད་པ་དང་། དེ་བཞིན་གོ་ལ་སྤྱི་ཡོངས་ལ་ཉེན་ཁ་ཡོད་པས་མ་འོངས་པར་ཡང་མུ་མཐུད་དུ་སྤྲོད་རྒྱུ་ཡིན་ཞེས་བརྗོད།
གཙོ་སྐྱོང་བས་དཀྱིལ་ཤར་ཡུལ་གྲུའི་ནང་ད་ཆ་ཨི་སི་རེལ་དང་། ཧ་མ་སི་གཉིས་བར་དམག་འཁྲུག་མུ་མཐུད་ནས་རྒྱག་བཞིན་ཡོད་པ་དང་། མ་འོངས་པར་དམག་འཁྲུག་དེ་མཚམས་འཇོག་ཐབས་གང་འདྲ་བྱེད་རྒྱུ་ཡིན་ནམ་ཞེས་བྷ་ཌན་ལ་དྲིས། བྷ་ཌན་གྱིས་དང་པོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་དང་། འབྱོར་ལྡན་རྒྱལ་ཁབ་བདུན་བཅས་བརྒྱུད་ནས་ཨི་སི་རེལ་དང་། ཧ་མ་སི་གཉིས་བར་ལ་དམག་མཚམས་འཇོག་ཏུ་འཇུག་རྒྱུ་དང་། བཙན་བཟུང་འོག་ཡོད་པའི་མི་རྣམས་གང་མགྱོགས་གློད་བཀྲོལ་ཡོང་ཐབས་བྱེད་རྒྱུ་ཡིན། ད་དུང་ཡང་ལེགས་གྲུབ་མ་བྱུང་ན་ཨ་རིའི་གསང་བའི་ལས་ཁུངས་བརྒྱུད་ནས། ཧ་མ་སིའི་དྲག་སྤྱོད་པ་རྣམས་ཨོ་ས་མ་བྷིན་ལ་ཏེན་ནང་བཞིན་རྩ་མེད་བཟོ་རྒྱུ་ཡིན་ཞེས་བརྗོད།
བྱང་ཆིངས་སྒྲིག་འཛུགས་དང་འབྲེལ་ནས་ཌོ་ནལ་ཊམ་གྱིས་བརྗོད་དོན། མ་འོངས་པར་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་བསྡུས་དངུལ་མ་སྤྲད་ཚེ་རྒྱལ་ཁབ་དེའི་བདེ་འཇགས་ལ་སྲུང་སྐྱོབ་ཐད་རྒྱབ་སྐྱོར་བྱེད་ཀྱི་མིན་ཞེས་བརྗོད།
གཙོ་སྐྱོང་བས་དྲིས་དོན། ཕྱི་ལོ་༢༠༢༡ ཟླ་༡ ཚེས་༦ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་མི་མང་གིས་ངོ་རྒོལ་བྱས་ནས་གཏོར་རྒོལ་ཆེན་པོ་བྱུང་ཡོད་པས། གནད་དོན་དེའི་ཐད་ལ་ཌོ་ནལ་ཊམ་ཁྱེད་ལ་འགན་འཁྲི་ཡོད་དམ། མ་འོངས་པར་ཡང་བསྐྱར་དེ་འདྲ་བྱེད་ཀྱི་རེད་དམ་ཞེས་དྲིས། ཌོ་ནལ་ཊམ་གྱིས་ཟླ་བ་༡ ཚེས་༦ གི་སྔོན་ལ་ཨ་རིའི་ནང་ས་མཚམས་བདེ་འཇགས་ཡོད་པ་དང་། ཁྲིམས་འགལ་བྱེད་མཁན་མེད། ཨ་རི་ལ་འཛམ་གླིང་གང་ས་ནས་གུས་བཀུར་བྱེད་མཁན་ཡོད། འོན་ཀྱང་། བྷ་ཌན་བསླེབས་ནས་ཡོད་ཚད་གཏོར་བརླག་བཏང་སོང་ཞེས་བརྗོད།
བྷ་ཌན་གྱིས་དེ་ལ་ལན་འདེབས་ཀྱི་ཚུལ་དུ། ཟླ་༡ ཚེས་༦ ཉིན་གྱི་གནད་དོན་ཚང་མ་ཌོ་ནལ་ཊམ་ལ་འགན་ཡོད་པ་དང་། སྐབས་དེ་དུས་མི་མང་གིས་གཏོར་རྒོལ་བྱེད་དུས་སྲིད་འཛིན་གཞོན་པ་དང་གཞན་འགོ་ཁྲིད་དག་གིས་ཌོ་ནལ་ཊམ་ལ་ཞུ་བ་བརྒྱབ་ནས་མི་མང་གི་ངོ་རྒོལ་མཚམས་འཇོག་བྱེད་འཇུག་རོགས་ཞུས་ཡོད་ཀྱང་བྱས་མེད་པ་དང་། དེ་ལས་ལྡོག་སྟེ་མི་མང་གི་འདོད་པ་ལྟར་བྱེད་ཆུགས་ཅེས་བརྗོད་འདུག གནད་དོན་དེའི་འགན་ཆ་ཚང་ཁོ་ལ་ཡོད་རེད་ཅེས་བརྗོད།
གཙོ་སྐྱོང་བས་ཌོ་ནལ་ཊམ་ལ་དེ་སྔོན་ཁྲིམས་ཐོག་ནས་སྨད་འཚོང་མ་ཞིག་དང་ཕོ་མོའི་འབྲེལ་བ་བྱུང་བའི་གནད་དོན་དང་འབྲེལ་ནས་ནག་ཉེས་ཕོག་པའི་སྐོར་འདྲི་དུས། ཌོ་ནལ་ཊམ་གྱིས་བརྗོད་དོན། ཁོང་ནམ་ཡང་སྨད་འཚོང་མ་དང་ཕོ་མོའི་འབྲེལ་བ་བྱུང་མྱོང་མེད་ཀྱང་། སྐབས་དེ་དུས་ཁྲིམས་དཔོན་རྣམས་ནི་མང་གཙོ་ཚོགས་པས་བསྐོས་པ་རྐྱང་རྐྱང་ཡིན་པས། ཁོ་ནག་ཉེས་མེད་མཁན་ཞིག་ལ་ནག་ཉེས་ཕོག་སོང་། མི་མང་གིས་དེ་དག་ཤེས་ཀྱི་མ་རེད། འདས་པའི་བདུན་ཕྲག་ནང་མི་མང་གིས་ཁོང་ལ་ནག་ཉེས་མེད་པ་ཤེས་རྗེས་ཨ་སྒོར་སྟོང་ཕྲག་དང་ས་ཡ་མང་པོ་ཞལ་འདེབས་རྒྱག་མཁན་བྱུང་སོང་ཞེས་བརྗོད། གཞན་ཨ་རིའི་མང་གཙོ་དང་འབྲེལ་བའི་གནད་དོན་སྐོར་དང་། གནད་དོན་གཞན་ཁག་ཅིག་གི་ཐོག་བགྲོ་གླེང་བྱས་སོང་།།

གསར་འགོད་པ། བསོད་ནམས་ཕུན་ཚོགས།