༢༠༢༤ ལོ་གཅིག་པུར་རྒྱ་ནག་ནང་གཉེན་སྒྲིག་བྱེད་མཁན་བརྒྱ་ཆ་༢༠.༥% ཙམ་ཉུང་དུ་ཕྱིན་ཡོད་འདུག
ཕྱི་ལོ་༢༠༢༤ ལོར་རྒྱ་ནག་ཏུ་འདས་པའི་ལོ་ངོ་བཞི་བཅུའི་རིང་། གཉེན་སྒྲིག་གསར་པ་བྱེད་མཁན་གྱི་གྲངས་འབོར་དམའ་ཤོས་སུ་གྱུར་ཡོད་པར་བརྟེན། མི་འབོར་ཉུང་དུ་འགྲོ་བཞིན་པ་དང་། ཕྲུ་གུ་སྐྱེས་ཚད་ཉུང་དུ་འགྲོ་བཞིན་པའི་རྒྱ་ནག་གི་དཀའ་ངལ་དེ་ཇེ་ཆེ་རུ་འགྲོ་སྲིད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༤ ལོར་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ས་ཡ་༦.༡༠ མ་གཏོགས་བྱུང་མེད་པ་དང་། ལོ་སྔོན་མ་དང་བསྡུར་ན། གཉེན་སྒྲིག་བྱེད་མཁན་བརྒྱ་ཆ་༢༠.༥% ཙམ་ཉུང་དུ་ཕྱིན་ཡོད་པ་མ་ཟད། ཕྱི་ལོ་༡༩༨༠ ནས་བཟུང་ལོ་གཅིག་གི་ནང་གཉེན་སྒྲིག་བྱེད་མཁན་གྱི་གྲངས་འབོར་ཉུང་ཤོས་སུ་གྱུར། ལྷག་པར་དུ་ན་ནིང་གི་ལོར། བཟའ་ཚང་ཁ་འཐོར་བྱེད་མཁན་ས་ཡ་༢.༨༢ བྱུང་ཞིང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་༡.༡% མང་དུ་ཕྱིན་ཡོད་འདུག
རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་(Guangdong) ཞིང་ཆེན་དུ་གནས་པའི་རང་དབང་ཅན་གྱི་མི་འབོར་ཉམས་ཞིབ་པ་ཧེ་ཡ་ཧྥུ་(He Yafu) ཡིས། རྒྱ་ནག་ཏུ་བྱིས་པའི་སྐྱེས་ཚད་མང་ཆེ་བ་གཉེན་སྒྲིག་ཐོག་ནས་འབྱུང་གི་ཡོད་པ་དང་། ཕྱི་ལོ་༢༠༢༤ ལོར་གཉེན་སྒྲིག་ཐོ་འགོད་བྱེད་མཁན་གྱི་གྲངས་འབོར་ཧ་ཅང་ཉུང་དུ་ཕྱིན་ཡོད་པ་ནི། ཕྱི་ལོ་༢༠༢༥ ལོར་ཕྲུ་གུ་སྐྱེས་ཚད་གྱི་གྲངས་འབོར་མུ་མཐུད་ནས་ཉུང་དུ་འགྲོ་ངེས་ཡིན་པའི་མཚོན་རྟགས་གསལ་པོ་ཞིག་རེད་ཅེས་བརྗོད་འདུག
རྒྱ་ནག་གི་མི་འབོར་ཉུང་དུ་འགྲོ་དགོས་དོན་ནི། རྒྱ་ནག་ནང་སྤྱི་ཚོགས་དང་དཔལ་འབྱོར་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན། གཞོན་སྐྱེས་ཚོས་གཉེན་སྒྲིག་དང་ཁྱིམ་ཚང་འཛིན་རྒྱུ་ཕྱིར་འགྱངས་བྱེད་ཀྱི་ཡོད་པ་དང་། གཉེན་སྒྲིག་བྱས་ཟིན་པ་རྣམས་ཀྱིས་ཀྱང་འགྲོ་སོང་སོགས་ལ་བསམས་ནས་ཕྲུ་གུ་མང་པོ་སྐྱེད་འདོད་བྱེད་ཀྱི་མེད་པ་ཆགས་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༧༩ ལོ་ནས་ལག་བསྟར་བྱས་པའི་ཕ་མ་གཉིས་ལ་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་དེ་འགྱུར་བ་བཏང་སྟེ། ཕྱི་ལོ་༢༠༡༦ ལོར་ཕ་མ་གཉིས་ལ་ཕྲུ་གུ་གཉིས་སྐྱེ་ཆོག་པ་བཟོས་ཡོད་ལ། ཕྱི་ལོ་༢༠༢༡ ལོར་རྒྱ་ནག་གཞུང་གིས་ཕ་མ་གཉིས་ལ་ཕྲུ་གུ་གསུམ་སྐྱེ་ཆོག་པ་བཟོས་ཡོད་པ་མ་ཟད། ཕྲུ་གུ་སྐྱེ་མཁན་ཚོ་ལ་སྒོར་མོ་སྤྲད་པ་དང་ཁྲལ་ཆག་ཡང་བཏང་བ་སོགས་གཉེན་སྒྲིག་ཟིན་པའི་བཟའ་མི་རྣམས་ལ་བྱིས་པ་མང་ཙམ་སྐྱེ་དགོས་པའི་སྐུལ་མ་གཏོང་འགོ་བརྩམས་ཡོད། ཡིན་ན་ཡང་། ཉེ་བའི་ལོ་ཤས་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཇེ་དལ་དུ་ཕྱིན་པ་དང་ལྷག་པར་དུ་ཕྲུ་གུ་གསོ་སྐྱོང་གི་ཐོག་ལ་འགྲོ་སོང་ཆེ་བ། ནད་ཡམས་ཀྱི་རྐྱེན་གྱིས་འདས་གྲོངས་སུ་འགྱུར་མཁན་མང་བ། དེ་བཞིན་གཞོན་སྐྱེས་ལས་མེད་མང་བ་བཅས་ཀྱིས་ཁོང་ཚོས་གཉེན་སྒྲིག་བྱས་ནས་ཁྱིམ་ཚང་འཛིན་འདོད་བྱེད་ཀྱི་མེད་པར་བརྟེན། རྒྱ་ནག་གིས་སྲིད་བྱུས་ལ་འགྱུར་བ་བཏང་རུང་ཕན་འབྲས་མ་བྱུང་ནས། ཕྱི་ལོ་༢༠༢༣ ལོར་རྒྱ་ནག་གི་མི་འབོར་ས་ཡ་༢.༠༨ ཙམ་མར་ཆགས་ཡོད་འདུག
ཕྱི་ལོ་༢༠༢༣ ལོར་རྒྱ་ནག་ཏུ་ཕྲུ་གུ་ས་ཡ་༩.༠༢ སྐྱེས་པ་དང་། ན་ནིང་ལོར་ཕྲུ་གུ་ས་ཡ་༩.༤༥ སྐྱེས་ཤིང་། ཕྱི་ལོ་༢༠༡༧ ནས་བཟུང་ཕྲུ་གུ་སྐྱེས་ཚད་ཐེངས་དང་པོ་འཕར་ཡོད་འདུག མཁས་པ་ཚོས་སྐྱེས་ཚད་འཕར་བའི་རྒྱུ་མཚན་ནི། ཕྱི་ལོ་༢༠༢༣ ལོ་གཉེན་སྒྲིག་གི་གྲངས་འབོར་འཕར་བ་དང་། ཕྱི་ལོ་༢༠༢༤ ལོ་དེ་རྒྱ་ནག་གི་ལོ་འཁོར་བཅུ་གཉིས་ནང་གི་བཀྲ་ཤིས་པའི་འབྲུག་ལོ་ཡིན་པས། ཕ་མ་འགའ་ཤས་ཀྱིས་འབྲུག་ཕྲུག་གཅིག་སྐྱེ་བའི་རེ་བ་བཅངས་ནས་མངལ་ཆགས་པའི་དུས་ཚོད་ལ་བསྒུགས་པ་དང་ཐུག་ཡོད་པར་བརྗོད་འདུག ཕྱི་ལོ་༢༠༢༣ ལོར་རྒྱ་ནག་ཏུ་ལོ་ངོ་བཅུ་ཕྲག་གཅིག་གི་ནང་། གཉེན་སྒྲིག་ཐོ་འགོད་བྱེད་མཁན་གྱི་གྲངས་འབོར་ཐེངས་དང་པོ་འཕར་ཡོད་འདུག
མི་འབོར་ཉམས་ཞིབ་པ་ཚོས་གཉེན་སྒྲིག་དང་ཕྲུ་གུ་སྐྱེས་ཚད་གྱི་གྲངས་འབོར་དེ་ཕྱི་ལོ་༢༠༢༥ ལོར་ཡང་བསྐྱར་མར་འགྲིབ་འགྲོ་རྒྱུའི་སྔོན་དཔག་བྱེད་ཀྱི་ཡོད་འདུག་ལ། རྒྱ་ནག་གི་དབང་འཛིན་པ་ཚོས་གཉེན་སྒྲིག་དང་ཕྲུ་གུ་སྐྱེ་མཁན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་བྱུས་མང་པོ་ཞིག་གཏན་འབེབས་བྱས་ཀྱང་། བྱེད་ཐབས་དེ་དག་གིས་ནུས་པ་ཚད་ཡོད་ཅིག་ལས་ཐོན་གྱི་མེད་པ་དང་། སྐབས་རེར་གཞུང་གིས་མི་མང་གི་འཚོ་བར་ཐེ་བྱུས་བྱེད་ཚད་ཀྱི་སྐོར་ལ་རྩོད་གླེང་ཡོང་གི་ཡོད་པར་བརྗོད་འདུག། །
གསར་འགོད་པ། བློ་བཟང་རྒྱ་མཚོ།