༢༠༡༨ དང་༢༠༡༩ གཉིས་ཀྱི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ལྷན་དུ་གསལ་བསྒྲགས་བྱས་འདུག

ཟླ་འདིའི་ཚེས་༡༠ ཉིན་ནོ་བྷེལ་རྩོམ་རིག་ཚོགས་ཆུང་(Swedish Academy) ནས་རྩོམ་པ་པོ་གཉིས་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟོགས་ཐོབ་པའི་གསལ་བསྒྲགས་བྱས་ཤིང་། དེ་ནི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཀྱི་འདས་པའི་མི་ལོ་༡༡༨ ཀྱི་ལོ་རྒྱུས་རིང་པོའི་ནང་ཐེངས་དང་པོར་བྱུང་བ་ཞིག་ཡིན་འདུག 

དེ་ཡང་ན་ནིང་ནོ་བྷེལ་རྩོམ་རིག་ཚོགས་ཆུང་གི་ཚོགས་མི་ཞིག་ལ་བཙན་གཡེམ་དང་འབྲེལ་བའི་རྙོག་གླེང་བྱུང་བར་བརྟེན་ནས་རྩོམ་རིག་གཟེངས་རྟགས་དེ་ཕར་འགྱངས་བྱེད་དགོས་ཁེལ་སྟབས། ད་ལོ་༢༠༡༨ དང་༢༠༡༩ གཉིས་ཀྱི་རྩོམ་རིག་གཟེངས་རྟགས་ལྷན་དུ་གསལ་བསྒྲགས་བྱས་པ་ཡིན་འདུག་པ་དང་། ༢༠༡༨ ཀྱི་གཟེངས་རྟགས་དེ་ཕོ་ལན་ཊི་(Poland) ཡི་བུད་མེད་རྩོམ་པ་པོ་ཨོལ་གྷ-ཋོ་ཁར(Olga Tokarczuk) དང་། ༢༠༡༩ ཡི་གཟེངས་རྟགས་དེ་ཨོ་སུ་ཋོ་རུ་ཡ(Austria)འི་བརྩམས་སྒྲུང་དང་ཟློས་གར་རྩོམ་པ་པོ་ཕི་ཏྲར-ཧན་ཁི་(Peter Handke) ལ་ཐོབ་ཡོད་འདུག 

༢༠༡༨ ལོའི་གཟེངས་རྟགས་ཐོབ་པའི་བུད་མེད་རྩོམ་པ་པོ་ཨོལ་གྷ-ཋོ་ཁར་ནི། ཕྱི་ལོ་༡༩༦༧ ལོར་ཕོ་ལན་ཊི་ལ་སྐུ་འཁྲུངས་ཤིང་། དེང་སྐབས་ཕོ་ལན་ཊི་ཡི་གྲོང་ཁྱེར་Wrocklaw ལ་བཞུགས་ཀྱི་ཡོད། ཁོང་གི་ཕ་མ་གཉིས་དགེ་རྒན་ཡིན་པ་མ་ཟད། ཁོང་གི་ཨ་ཕ་སློབ་གྲྭའི་དཔེ་མཛོད་དོ་དམ་བ་ཡང་ཡིན་པས། ཁོང་གིས་དཔེ་མཛོད་ནས་ལག་ཏུ་གང་བྱུང་གི་དཔེ་དེབ་ཐམས་ཅད་ཀློག་མྱོང་ཡོད། 

ཁོང་གི་ལོ་རྒྱུས་རང་བཞིན་ལྡན་པའི་སྒྲུང་རིང་“The Books of Jacob”ཞེས་པར་ཕོ་ལན་ཏྲི་རྒྱལ་ཁབ་ཀྱི་གཟེངས་རྟགས་ཆེ་ཤོས་དེ་འཐོབ་མྱོང་ཡོད་པ་ཟད། ན་ནིང་ཁོང་གི་སྒྲུང་རིང་“Flights”ཞེས་པ་ལ་རྒྱལ་སྤྱིའི་སྒྱུ་རྩལ་རྩོམ་རིག་གི་བྱ་དགའ་ཆེ་ཤོས་ཤིག་སྟེ། Man Booker International Prize ཐོབ་ནས་ཁོང་བྱ་དགའ་དེ་འཐོབ་མཁན་གྱི་ཕོ་ལན་ཊའི་རྩོམ་པ་པོ་ཆེས་ཐོག་མ་དེ་ཆགས་ཡོད། 

ཁོང་ལ་འཇིག་རྟེན་འདིའི་འགལ་འདུའི་རིགས་མཐའ་དག་སྒྱུ་རྩལ་བརྩམས་ཆོས་ཀྱི་ལམ་ནས་མཚོན་པ་བྱེད་པའི་རྩལ་ནུས་ཁྱད་དུ་འཕགས་པ་ཞིག་ཡོད་པས། ནོ་བྷེལ་རྩོམ་རིག་ཚོགས་ཆུང་གིས་ཁོང་ལ་གཟེངས་རྟགས་དེ་ཕུལ་བ་ཡིན་ཚུལ་བརྗོད་འདུག

༢༠༡༩ ལོའི་གཟེངས་རྟགས་ཐོབ་པའི་རྩོམ་པ་པོ་ཕི་ཏྲར-ཧན་ཁི་ནི་ཕྱི་ལོ་༡༩༤༢ ལོར་ཨོ་སུ་ཋོ་རུ་ཡའི་གྲོང་གསེབ་ Griffen ཞེས་པར་སྐུ་འཁྲུངས་ཤིང་། ཁོང་གི་ཨ་མ་སི་ལོ་ཝན་(Slovenia)གྱི་གྲངས་ཉུང་མི་རིགས་དང་། ཨ་ཕ་ཇར་མན་གྱི་དམག་མི་ཞིག་ཡིན། སྐུ་ན་ཆུང་དུས། ཁོང་ཨ་མ་དང་ཕ་གཡར་མཉམ་དུ་ཇར་མན་གྱི་གྲོང་ཁྱེར་བྷར་ལན་དུ་འཚར་ལོངས་བྱུང་ཞིང་། དེ་ནས་ཕྱིར་ཕ་ཡུལ་དུ་ལོག 

ཁོང་ཨོ་སི་ཋོ་རུ་ཡའི་གྷ་རི་ཟི་སློབ་ཆེན་(Austria’s University of Graz)དུ་ཁྲིམས་ལུགས་སློབ་སྦྱོང་བྱེད་མྱོང་ཡོད་ཀྱང་། ཕྱི་ལོ་༡༩༦༦ ལོར་ཁོང་གི་བརྩམས་སྒྲུང་ཐོག་མ་དེ་པར་སྐྲུན་གྲུབ་རྗེས་སློབ་གྲྭ་ནས་ཐོན་ནས་དངོས་སུ་རྩོམ་རིག་གི་ལམ་དུ་ཞུགས།

ཁོང་གི་བརྩམས་ཆོས་རྣམས་རྣམ་པ་གཅིག་ཏུ་འདུས་པ་མ་ཡིན་པར་བརྩམས་སྒྲུང་དང་། ཟློས་གར། འཁྲབ་གཞུང་། དཔྱད་རྩོམ་སོགས་རྣམ་པ་སྣ་ཚོགས་ཡོད་ཅིང་། ཁོང་ལ་འགྲོ་བ་མིའི་ཐུན་མིན་གྱི་མྱོང་བ་རྩལ་དུ་བཏོན་ནས་བརྗོད་པའི་སྐད་ཡིག་གི་ཐབས་རྩལ་བླ་ན་མ་མཆིས་པ་ལྡན་སྟབས། ༢༠༡༩ ལོའི་རྩོམ་རིག་གི་གཟེངས་རྟགས་དེ་ཕུལ་བ་ཡིན་ཚུལ་ནོ་བྷེལ་རྩོམ་རིག་ཚོགས་ཆུང་གི་གསལ་བསྒྲགས་ནང་བཀོད་ཡོད་འདུག 

ཐེངས་འདིར་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་པའི་རྩོམ་པ་པོ་གཉིས་ཀ་གླེང་གཞི་ཅན་གྱི་མི་སྣ་གཉིས་ཡིན་འདུག་ཀྱང་། ཁོང་གཉིས་རྩོད་གཞི་ཅན་དུ་འགྱུར་བའི་རྒྱུ་མཚན་ཡོངས་སུ་ཐ་དད་དང་ལྡོག་ཕྱོགས་ཡིན་འདུག་སྟེ། ཕོ་ལན་ཊི་ཡི་བུད་མེད་རྩོམ་པ་པོ་ཨོལ་གྷ-ཋོ་ཁར་གྱིས་སོ་སོའི་རྒྱལ་ཁབ་ཀྱི་ངོ་གནོང་དགོས་པའི་ལོ་རྒྱུས་ཀྱི་བྱུང་བ་རྣམས་སྦ་གསང་མེད་པར་ཇི་བཞིན་བྲིས་ཏེ་རྒྱལ་ཞེན་རིང་ལུགས་དང་། རྒྱལ་ཞེན་རིང་ལུགས་ལ་བརྟེན་ནས་བྱུང་བའི་གུ་དོག་གི་བསམ་བློར་དགག་པ་དང་སུན་འབྱིན་བྱས་ཡོད་སྟབས། རྙིང་ཞེན་དང་རྒྱལ་ཞེན་ཆེ་བའི་ཕོ་ལན་ཊི་ཡི་མི་ཁ་ཅིག་གིས་ཁོང་ལ་“རྒྱལ་ཚོང་བ་”ཞེས་པའི་མིང་བཏགས་ཡོད་འདུག 

དེ་ལས་ལྡོག་སྟེ་ཨོ་སུ་ཋོ་རུ་ཡའི་རྩོམ་པ་པོ་ཕི་ཏྲར-ཧན་ཁི་ཡིས་སོ་སོའི་རྒྱལ་ཁབ་ཀྱི་དངོས་བྱུང་ལོ་རྒྱུས་སྙོན་ཐབས་དང་འགེབ་ཐབས་བྱས་ཏེ་རྒྱལ་ཞེན་རིང་ལུགས་ཀྱི་བསམ་བློ་གོང་དུ་སྤེལ་བའི་འབད་བརྩོན་བྱེད་ཀྱི་ཡོད་སྟབས། ཁོང་ལ་འདི་ལོའི་ནོ་བྷེལ་རྩོམ་རིག་གི་བྱ་དགའ་ཐོབ་པ་དེར་སེམས་ཕམ་དང་མི་དགའ་བའི་རྣམ་འགྱུར་སྟོན་མཁན་མང་པོ་བྱུང་འདུག་པ་མ་ཟད། ཐ་ན་ཨ་རིའི་རྩོམ་པ་པོ་མཐུན་ཚོགས་(PEN America)ནས་ཀྱང་“སྐད་ཆའི་སྒྱུ་རྩལ་བེད་སྤྱད་དེ་ལོ་རྒྱུས་ཀྱི་བདེན་པ་ལ་འཁྱོག་བཤད་དང་། མི་རིགས་རྩ་མེད་གཏོང་མཁན་གྱི་ཉེས་ཅན་པར་རོགས་རམ་བྱེད་མཁན་གྱི་རྩོམ་པ་པོ་ཞིག་[ནོ་བྷེལ་རྩོམ་རིག་གཟེངས་རྟགས་ནང་]འདེམས་ཐོན་བྱུང་བར་ང་ཚོ་ཡོངས་སུ་ཧ་ལས་ཧོན་ཐོར་སོང་”ཞེས་བྲིས་ཏེ་ཁྱབ་བསྒྲགས་བྱས་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།