༣།༡༠ དུས་དྲན་ཉིན་ཡུ་གུར་སོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པའི་བསྒྲགས་གཏམ་སྤེལ་འདུག
ཟླ་འདིའི་ཚེས་༡༠ ཉིན་ནི་ཕྱི་ལོ་༡༩༥༩ ལོའི་༣ པའི་ཚེས་༡༠ ལ་བོད་མི་ཚོས་མ་བསྐུལ་དང་བླང་གིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་ཞི་རྒོལ་བྱས་ནས་མི་ལོ་༦༦ འཁོར་བའི་ཉིན་དང་བསྟུན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག དེ་བཞིན། ཡུ་གུར་ཚོགས་པ་གཉིས་ཀྱིས་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ཞི་རྒོལ་བྱེད་བཞིན་པར་རྒྱབ་སྐྱོར་བརྟན་པོ་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག

དེ་ཡང་འཛམ་གླིང་ཡུ་གུར་ལྷན་ཚོགས་(WORLD UYGHUR CONGRESS) དང་ཡུ་གུར་ལས་འགུལ་ཚོགས་པ་(Campaign for Uyghurs) གཉིས་ཀྱིས། བོད་མི་ཚོས་རྒྱ་གཞུང་གི་དབང་སྒྱུར་འོག་མུ་མཐུད་གྱེན་ལངས་བྱེད་བཞིན་པར་རྒྱབ་སྐྱོར་བརྟན་པོ་ཡོད་ཅེས་དང་། ཚོགས་པ་གཉིས་ཀྱིས་ཡུ་གུར་དང་། བོད་མི་གཉིས་ཀྱི་འཐབ་རྩོད་ནི་གཅིག་མཚུངས་ཡིན་པ་དང་། ཡུ་གུར་དང་བོད་མི་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གནོན་ཅན་གྱི་ལམ་ལུགས་གཅིག་གི་འོག་མཉམ་རུབ་ཀྱིས་འཐབ་རྩོད་བྱེད་བཞིན་ཡོད་པ་ནན་བརྗོད་བྱས་ཡོད་འདུག
འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་ཨིག་སི་དྲྭ་ཐོག་ཏུ། བོད་མི་ཚོས་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་༦༦ གི་རྗེས། ཡུ་གུར་གྱི་མི་མང་དང་མཚུངས་པར་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱེད་མུས་ཡིན་པ་དང་། ང་ཚོའི་འཐབ་རྩོད་གཅིག་མཚུངས་ཡིན་ལ། ང་ཚོ་ལ་མནར་གཅོད་བྱེད་མཁན་གྱི་སྲིད་གཞུང་ཡང་གཅིག་པ་ཡིན། གཅིག་ལ་རང་དབང་ཐོབ་ན་ཚང་མར་རང་དབང་ཐོབ་པ་ཡིན་ཞེས་སྤེལ་འདུག
དེ་བཞིན་ཡུ་གུར་ལས་འགུལ་ཚོགས་པས། བོད་མི་རྣམས་ནི་ཁོང་ཚོའི་གྲོགས་པོ་ཡིན་པ་དང་། ཁོང་ཚོས་བོད་མི་རྣམས་དང་བོད་ཀྱི་གྲོགས་པོ་ཚོ་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ། ཡུ་གུར་དང་བོད་མི་གཉིས་ཀྱི་འཐབ་རྩོད་ནི་འཐབ་རྩོད་གཅིག་གི་ཆ་ཤས་ཡིན་པ་དང་། འཐབ་རྩོད་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དང་། ང་ཚོའི་ངོ་བོ་མེད་པ་བཟོ་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་གྱི་འཐབ་རྩོད་གཅིག་མཚུངས་ཡིན་ཞེས་བརྗོད་འདུག།།

གཞན་ཡང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་ཡིས། ལོ་ངོ་༦༦ གི་ཡར་སྔོན་དུ་བོད་མི་ཁྲི་སྟོང་མང་པོས་དཔའ་ངར་ཞུམ་མེད་ངང་ཚེ་སྲོག་བློས་གཏོང་གིས་ཆོས་ལུགས་དང་སྐད་ཡིག རིག་གཞུང་བཅས་ཀྱི་རང་དབང་གི་དོན་དུ་འཐབ་རྩོད་བྱས་ཡོད། སྐུ་ན་གཞོན་པའི་༧གོང་ས་མཆོག་བཙན་གྱིས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང་། དུས་དེ་ནས་བཟུང་༧གོང་ས་མཆོག་ནི་ནམ་ཡང་འགྱུར་བ་མེད་པའི་བོད་ཀྱི་འཐབ་རྩོད་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། དེ་རིང་། ང་ཚོས་བོད་ཀྱི་རང་དབང་དང་རང་སྐྱོང་གི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅའ་བསྐྱར་ནན་བྱེད་རྒྱུ་ཡིན་ཞེས་ཁོང་གི་ཨིག་སི་དྲྭ་ཐོག་ཏུ་སྤེལ་འདུག
དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝ་རན་གྱིས་ཀྱང་། ཁོང་རང་ཉིད་གྲོས་ཚོགས་འཐུས་མི་ཞིག་ཡིན་པར་བརྟེན། ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་རོགས་འདེགས་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད་ཅིང་། འཛམ་གླིང་མི་མང་ཡོངས་ལ་ཉིན་མོ་དེ་དྲན་པའི་ཐོག་ནས་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་ངེས་པར་དུ་ལོངས་སྤྱོད་ཆོག་པ་དགོས་རྒྱུའི་བརྡ་ལན་ཙམ་མ་ཟད། བོད་མི་རང་ཉིད་ནས་སོ་སོའི་ཐུན་མིན་གྱི་ཁྱད་ནོར་རྣམས་མི་ཉམས་རྒྱུད་འཛིན་བྱ་གལ་ཆེ་བ་གསུངས་ཡོད་པ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བརྗོད་འདུག
དེ་བཞིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་འཛིན་སྐྱོང་ལས་གྲུབ་པའི་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ཁིར་སི་སི་མི་ཐི་དང་། (Chris Smith )ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་མི་ར་ཇཱ་ཀིར་ཤི་ནམ་མོར་ཐིས། (Raja Krishnammorthi)། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ལས་འཕར་འགན་འཛིན་མ་ཡ་ཝང་ (Maya Wang) སོགས་ཀྱིས་གསུམ་བཅུའི་དུས་དྲན་དང་བསྟུན་བསྒྲགས་གཏམ་དང་ཆེད་རྩོམ་བཅས་སྤེལ་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།