༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་རྒྱ་ནག་གིས་བཙན་ཁྲིད་བྱས་ནས་མི་ལོ་༢༩ འཁོར་བ།

༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་མི་ལོ་༢༩ འཁོར་བའི་ཉིན་མོ་དུས་དྲན་ཆེད་དུ་བཞུགས་སྒར་ཁུལ་གྱི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་གཙོས་པའི་སེར་སྐྱ་མི་མང་གིས་རྡ་སར་མེག་ལོར་ནས་ཀ་ཅ་རི་བར་དུ་སྐད་འབོད་རྒྱག་བཞིན་ཞི་བའི་གོམ་བགྲོད་གནང་སོང་།

དེ་རིང་ཕྱི་ཚེས་༡༧ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་མི་ལོ་༢༩ འཁོར་བའི་ཉིན་མོ་དུས་དྲན་ཆེད་དུ་བཞུགས་སྒར་ཁུལ་གྱི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་གཙོས་པའི་སེར་སྐྱ་མི་མང་གིས་རྡ་སར་མེག་ལོར་ནས་ཀ་ཅ་རི་བར་དུ་སྐད་འབོད་རྒྱག་བཞིན་ཞི་བའི་གོམ་བགྲོད་གནང་སོང་། དེ་རིང་གི་ལས་འགུལ་དེ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གཙོ་བོ་གོ་སྒྲིག་གནང་བ་ཞིག་ཡིན་འདུག་ལ། སྐབས་དེ་དུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་དུས་དྲན་གྱི་བསྒྲགས་གཏམ་ཞིག་སྤེལ་གནས་སོང་། བསྒྲགས་གཏམ་དེའི་ནང་ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་མཆོག་དང་། ཁོང་གི་སྐུ་འཁོར་ནང་མི་རྣམས། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དབུ་འཛིན། ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་བྱམས་པ་འཕྲིན་ལས་རིན་པོ་ཆེ་དང་། བྱམས་པ་ཆུང་བཅས་རྒྱ་གཞུང་གི་བཙན་འཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ཉི་ཤུ་རྩ་དགུ་ཧྲིལ་པོ་འཁོར་བའི་ཡིད་སྐྱོ་བའི་དུས་ཚིགས་གལ་ཆེན་ཞིག་ཡིན་སོགས་འཁོད་འདུག ༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི་ཕྱི་ལོ་༡༩༨༩ ཟླ་བ ༤ ཚེས་༢༥ ཉིན། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཡོད་པའི་ནག་ཆུ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང་། ཡུམ་བདེ་ཆེན་ཆོས་སྒྲོན་རྣམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་འདུག་པ་དང་། ཕྱི་ལོ་༡༩༩༥ ཟླ་བ་༥ ཚེས་༡༤ ཉིན་ཁོང་དགུང་ལོ་དྲུག་ལ་སོན་དུས་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གིས་༧ པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཕྱག་རྟགས་བསྩལ་ཡོད་འདུག བོད་ཀྱི་སྔར་སྲོལ་ལྟར་ན་༧རྒྱལ་བ་ཡབ་སྲས་རྣམ་གཉིས་ཕན་ཚུལ་ཡང་སྲིད་ངོས་འཛིན་གནང་རེས་ཀྱི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཤིག་ཡོད་འདུག་པ་མ་ཟད། ལྷག་པར་དུ་༧གོང་ས་སྐུ་ཕྲེང་རིམ་བྱོན་དང་། ༧ཀུན་གཟིགས་པན་ཆེན་རིམ་བྱོན་དབར་ཕན་ཚུན་ཐུན་མིན་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་དང་ཐུགས་བསྐྱེད་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱིས། གངས་ལྗོངས་ཆོས་སྲིད་ཀྱི་ལོ་རྒྱུས་རིང་པོའི་བསྐྱངས་པའི་ངོ་མཚར་ཅན་གྱི་ལོ་རྒྱུས་ཡོད་ཀྱང་། ཕྱི་ལོ་༡༩༩༥ ཟླ་བ་༥ ཚེས་༡༥ ཉིན་ཡང་སྲིད་གསལ་བསྒྲགས་བྱས་པའི་ཉིན་གསུམ་གྱི་རྗེས་ཏེ། ཚེས་༡༧ ཉིན་རྒྱ་ནག་གཞུང་གིས་དགུང་ལོ་༦ ལས་སོན་མེད་པའི་༧ ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་བཙན་འཁྲིད་བྱས་ཏེ་ད་བར་ག་སོང་ཆ་མེད་ཀྱི་ཡིད་སྐྱོའི་གནས་སྟངས་འདི་གྱུར།  དེ་བཞིན་བསྒྲགས་གཏམ་དེའི་ནང་དུ་སྤྱིར་རྒྱ་ནག་གི་རྩ་ཁྲིམས་ནང་སྤྱི་འབངས་སུ་འདྲ་ཞིག་ཡིན་རུང་རང་ལོ་༡༨ མ་སོན་བར་ཁྲིམས་ཀྱི་འགན་དབང་གང་ཡང་མེད་ཅེས་བཤད་ཡོད་ནའང་ནག་ཉེས་གང་ཡང་མེད་ཅིང་དགུང་གྲངས་དྲུག་ལས་སོན་མེད་པའི་༧ ཀུན་གཟིགས་པན་ཆེན་རིན་པོ་མཆོག་བཙན་འཁྲིད་བྱས་ནས་བཙོན་དུ་བཅུག་པ་ནི། རྒྱ་ནག་རང་གི་རྩ་ཁྲིམས་རང་གིས་རྡོག་རྫིས་བཏང་བ་ཞིག་ཆགས་ཀྱི་ཡོད་པས། དེ་ནི་མི་སྤྱོད་ལས་འདས་པའི་ངོ་ཚ་དགོས་པའི་གནད་དོན་ཞིག་དང་ནག་ཉེས་ཆེན་པོ་རེད་ཅེས་བརྗོད་འདུག དེ་བཞིན་རྒྱལ་སྤྱིའི་ནང་ཡོད་པའི་གཞུང་དང་གྲོས་ཚོགས་འཐུས་མི་སོགས་ཀྱིས་རྒྱ་ནག་ལ་གནོད་ཤུགས་སྤྲད་རྒྱུ་དང་གཤམ་འཁོད་ཀྱི་དོན་ཚན་བཞི་ལ་རྒྱབ་སྐྱོར་ཡོང་ཐབས་འབོད་སྐུལ་ཞུས་འདུག 

༡ ༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གནས་སྟངས་དང་ཁོང་གང་དུ་བཞུགས་ཡོད་པ་འཕྲལ་དུ་འཛམ་གླིང་སྟེང་གསལ་སྟོན་བྱེད་དགོས་པ།

༢ ༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དབུས་པའི་ཉེས་པ་གང་ཡང་མེད་པའི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་དགོས་པ། 

༣ རྒྱ་ནག་གཞུང་གིས་བོད་རྒྱ་གྲོས་མོལ་སླར་གསོ་བྱས་ཏེ་བོད་རྒྱའི་དཀའ་རྙོག་མྱུལ་དུ་བསལ་ནས་བོད་ནང་གི་བོད་མི་རྣམས་ལ་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་དགོས་པ།

༤ རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ཟེར་བ་དེ་བཞིན་མཚམས་འཇོག་བྱས་ཏེ། བོད་ཕྲུག་བྱིས་པ་ཚོར་རྒྱ་ནག་དམར་གཞུང་གི་རྩ་ཁྲིམས་ནང་གསལ་བ་ལྟར། སོ་སོའི་སྐད་ཡིག་དང་རིག་གཞུང་ལ་སློབ་སྦྱོང་བྱེད་པའི་ཐོབ་ཐང་སྤྲོད་དགོས་པའི་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་འབོད་སྐུལ་ཞུས་པ་བཅས་རེད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།