༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད།

དེ་རིང་ཕྱི་ཚེས་༢༡ ཉིན་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་། ཁ་སང་ཕུ་ལ་ཁ་བ་དང་གཤམ་ཏུ་ཆར་པ་བབས་ཏེ་རྡ་སའི་རི་ལུང་ཀུན་མཛེས་སྡུག་ལྡན་པར་གྱུར་ཞིང་། དེ་རིང་རི་མགོ་ནས་ཁ་བའི་འོད་མདངས་འཚེར་ཞིང་རི་གཤམ་དུ་ཉི་འོད་ཀྱི་ཟེགས་མ་འཐོར། དྲོ་གྲང་སྙོམ་ཞིང་ཧ་ཅང་སྐྱིད་པའི་དེ་རིང་གི་གནམ་གཤིས་འདིར་བསམས་ན་རང་བྱུང་ཁམས་ཀྱིས་ཀྱང་མགོན་པོ་གང་ལ་མི་ཕྱེད་པའི་གུས་བཀུར་དང་བསུ་བ་བྱེད་ཀྱི་ཡོད་པ་འདྲ། གྷ་གྷལ་གནམ་ཐང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་གཙོས་པའི་སེར་སྐྱ་མི་མང་གིས་བསུ་བ་ཞུས་ཤིང་།
རྡ་ཤོད་དང་གངས་སྐྱིད། གཙུག་ལག་ཁང་གི་རྒྱལ་སྒོའི་གཡས་གཡོན་བཅས་ནས་ཀྱང་བོད་མི་གཙོས་པའི་དད་ལྡན་སེར་སྐྱ་རྣམས་ཀྱིས་སེར་ཕྲེང་བསྒྲིགས་ཏེ་ཕེབས་བསུ་ཞུས་ཡོད་པ་དང་། ཕོ་བྲང་དུ་ཞབས་སོར་འཁོད་ནས་དུས་ཡུན་ཅུང་ཙམ་ཕྱིན་པའི་རྗེས་སུ་དགའ་ལྡན་ཕོ་བྲང་གི་ངོ་དེབ་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་རྗེས་གཟིམ་ཆུང་ཁྱམས་ར་རུ་སྐུ་འཆམ་གནང་བཞིན་པ་ཞེས་མགོན་པོ་གང་གི་སྐུ་པར་གསར་པ་ཞིག་ཀྱང་བཀོད་སོང་། དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལོ་འདིའི་ཕྱི་ཟླ་དང་པོའི་ཚེས་༥ ནས་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་དུ་སྐུ་ལྷོད་བཞུགས་ཆེད་ཆིབས་བསྒྱུར་མཛད་ཡོད་པ་དང་། དུས་ཡུན་ཟླ་བ་གཅིག་དང་ཕྱེད་མ་ཟིན་ཙམ་གྱི་རིང་མགོན་པོ་གང་ཉིད་ནས་བོད་མིའི་གཞིས་ཆགས་ཁག་གི་བགྲེས་སོང་རྣམས་གཙོས་པའི་མི་མང་ཁྲི་དྲུག་ལྷག་ལ་མཇལ་ཁ་བསྩལ་ཞིང་། གཞན་ཡང་སེ་ར་བྱེས་སྨད་དང་སྨད་རྒྱུད་གྲྭ་ཚང་གཙོས་པའི་བརྟན་བཞུགས་ཁག་བཀའ་བཞེས་གནང་བ་དང་། དགེ་འདུན་པ་༣༠༠ ལྷག་ལ་སྡོམ་པ་འབོག་ཆོག་མཛད། གཞན་ཡང་བཀའ་དབང་དང་ལྗགས་ལུང་གིས་མཚོན་པའི་བཀའ་ཆོས་བསྩལ། སྨོན་ལམ་ཐེངས་འགའི་ཚོགས་མགོན་དུ་ཕེབས་པ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས།
ཕྱི་ཚེས་༡༨ ཉིན་རྒྱ་གར་ལྷོ་ཕྱོགས་ནས་མཁའ་ལམ་རྒྱུད་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་ཅིང་། ལྡི་ལིར་ཉིན་གཉིས་རིང་བཞུགས་ཞག་མཛད་རྗེས། དེ་རིང་ཕྱི་ཚེས་༢༡ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ད་ལྟའི་ཆར་དགའ་ལྡན་ཕོ་བྲང་གི་དྲྭ་བའི་ཐོག་ཏུ་མཛད་འཆར་བཀོད་མི་འདུག
དེ་བཞིན་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལྡི་ལིར་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ལ་མཇལ་ཁ་བསྩལ་བ་དང་བསྟུན། ཁྲིག་སེ་རིན་པོ་ཆེས་ད་ལོའི་དབྱར་དུས་སྐབས་༧གོང་ས་མཆོག་ལ་དྭགས་སུ་ཆིབས་བསྒྱུར་མཛད་གནང་ཡོང་བར་གསོལ་འདེབས་ཞུས་པར་ཞལ་བཞེས་ཐོབ་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།