༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཁྲུ་ལི་ཡའི་བདམས་ཐོན་སྲིད་བློན་ལ་འཚམས་འདྲི་གནང་འདུག

འདི་གའི་གསར་ཁང་ནས་སྒྲིག་སྦྱོར་ཞུས།

ཟླ་བ་འདིའི་ཚེས་ ༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ཨན་ཊོ་ནི་ཨལ་བྷ་ནི་སི་ (Anthony Albanese) ཡང་བསྐྱར་ཨོ་སི་ཁྲུ་ལི་ཡའི་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་སྩལ་འདུག

འཚམས་འཕྲིན་ནང་དུ། འདས་པའི་ལོ་མང་རིང་མགོན་པོ་གང་ཉིད་ཨོ་སི་ཁྲུ་ལི་ཡཱར་ཐེངས་མང་ཕེབས་རྒྱུའི་གོ་སྐབས་བྱུང་ཞིང་། ཨོ་སི་ཁྲུ་ལི་ཡའི་མིང་སྲིང་ཕོ་མོ་རྣམས་ཀྱིས་མགོན་པོ་གང་ལ་བསྟན་པའི་མཛའ་བརྩེ་དང་བྱམས་སེམས་ཀྱི་རྣམ་འགྱུར་དེས། ཁོང་ལ་ཚོར་བ་གཏིང་ཟབ་བྱིན་པ་དང་། མ་ཟད་ཁོང་ཚོས་འགྲོ་བ་མིའི་གཞི་རྩའི་རིན་ཐང་བྱམས་བརྩེ་དང་། སྙིང་རྗེ། འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏང་རྒྱུའི་འབད་བརྩོན་ལ་སྤྲོ་སྣང་ཆེན་པོས་དོ་སྣང་བྱེད་བཞིན་པར་སེམས་འགུལ་ཆེན་པོ་ཐེབས་པར་གསུངས།

དེ་བཞིན་མགོན་པོ་གང་ཉིད་ནས་་གོ་སྐབས་འདི་བརྒྱུད་ནས་ཨོ་སི་ཁྲུ་ལི་ཡའི་གཞུང་མང་གཉིས་ནས་བོད་མིའི་རང་དབང་དང་ཆེ་མཐོང་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་དང་།

སྐུ་ཞབས་ཨལ་བྷ་ནི་སི་ནས་འབྱུང་འགྱུར་ཨོ་སི་ཁྲུ་ལི་ཡའི་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་པར་མདུན་གྱི་དཀའ་ངལ་མཐའ་དག་ལ་གདོང་ལེན་གནང་ཐུབ་པར་མགོན་པོ་གང་ཉིད་ནས་ཐུགས་སྨོན་མཛད་ཡོད་པར་བཀའ་སྩལ་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།