༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་གསར་པ་པོབ་ལིའོ་ལགས་སུ་འཚམས་འཕྲིན་བསྩལ།

ཁ་སང་རྒྱ་གར་གྱི་ཕྱི་ཚེས་༨ དགོང་མོར་ཡེ་ཤུའི་བླ་ཆེན་པོབ་གསར་པ་བདམས་ཐོན་བྱུང་ཡོད་པ་གཞུང་འབྲེལ་གྱིས་བསྒྲགས་ཡོད་པ་བཞིན། དེ་རིང་སྔ་དྲོར། ༧གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རོ་མན་གནམ་དག་ཆོས་ལུགས་ཀྱི་དབུ་ཁྲིད་དུ་གསར་དུ་བདམས་ཐོན་བྱུང་བ་བླ་ཆེན་པོབ་ལིའོ་ལགས་སུ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་གནང་འདུག་པ་དང་། གསུང་འཕྲིན་གྱི་ནང་དུ། ༧གོང་ས་ྋསྐྱབས་མགོན་མཆོག་གིས། སྔོན་ཆད་མགོན་པོ་གང་གིས་ཡེ་ཤུའི་དབུ་ཁྲིད་སྔ་མ་རྣམ་པ་འགའ་དང་མཇལ་འཕྲད་བྱུང་བ་མ་ཟད། ཁོང་རྣམ་པ་དང་བཀའ་མོལ་སྤྲོ་སེམས་འཁོལ་བ་བྱུང་བར་ཧ་ཅང་ཐུགས་མཉེས་པོ་བྱུང་བ་དང་། འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལྷག་གི་རིང་ལ། ༧གོང་ས་མཆོག་གིས་ཆོས་ལུགས་མི་འདྲ་བ་ཁག་གི་སྐུ་ཚབ་རྣམ་པ་དང་ལྷན། དོན་སྙིང་ལྡན་པའི་བསམ་ཚུལ་བརྗེ་རེས་ཀྱི་ལས་རིམ་ནང་མཉམ་ཞུགས་གནང་ཡོད་པ་དང་། དེ་དག་གི་ཁྲོད་དུ་ཡེ་ཤུའི་ཆོས་གྲོགས་ཕོ་མོ་རྣམ་པའང་ཚུད་ཡོད་པར་གསུངས་པ་དང་། དེ་བཞིན་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པའི་ཡིད་ཆེས་བརྟན་པོའི་ཐོག་ནས། ཆོས་ལུགས་མཐུན་འབྲེལ་གོང་འཕེལ་གཏོང་རྒྱུ་དེ་ཁོང་གི་མི་ཚེའི་ནང་གི་དམ་བཅའ་གཙོ་བོ་ཞིག་ཏུ་བརྩི་གི་ཡོད་པར་གསུངས། གཞན་ཡང་ཕྱི་ལོ་ ༡༩༨༦ ལོར་པོབ་འཇོན་པོལ་མཆོག་གིས་ཨ་སི་སིར་གོ་སྒྲིག་གནང་བའི་ཆོས་ལུགས་འདྲ་མིན་གྱི་ལྷན་འཛོམས་ཆེན་མོའི་ཐོག་མགོན་པོ་གང་ཉིད་མཉམ་ཞུགས་གནང་རྒྱུ་བྱུང་བར་ཁོང་སེམས་འགུལ་ཆེན་པོ་ཐེབས་པའི་སྐོར་དང་། འཛམ་གླིང་འདིར་དཀའ་ངལ་ཧ་ཅང་མང་པོ་འཕྲད་བཞིན་པའི་དུས་སྐབས་འདིར། བླ་ཆེན་ཁོང་བདམས་ཐོན་བྱུང་བ་འདིས་གནམ་དག་ཆོས་ལུགས་ཁོ་ན་ཙམ་མ་ཡིན་པར། འཛམ་གླིང་འདི་སྙིང་རྗེ་དང་ཞི་བདེ་ལྡན་ཞིང་། སྐྱིད་པའི་འཚོ་བ་ཞིག་ལ་རེ་སྙེག་བྱེད་མཁན་གྱི་མི་མང་ཡོངས་ལ་རེ་བ་གསར་པ་ཞིག་བསྐྲུན་ཡོད་པར་གསུངས་པ་དང་འབྲེལ། ཐུགས་སྨོན་དང་འཚམས་འདྲི་བཅས་གནང་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།