༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་གསུམ་ཐུན་མོང་ནས་བརྟན་བཞུགས་ཕུལ་སོང་།

ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༣ ༧གོང་ས་མཆོག་གི་སྐུའི་བླ་གཟའ་དང་བསྟུན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡོར་གླིང་གཏན་སློབ་ཀྱི་སློབ་ཟུར་ཚོགས་པ་དང་། ནིའུ་ཡོག་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་གོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། ཐེངས་འདིའི་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དུ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་གནང་ཡོད་པ་དང་། བརྟན་བཞུགས་འདིའི་སླད་དུ་ཕྱི་ཟླ་ ༥ པའི་ཚེས་ ༣༡ ནས་ཚེས་ ༤ ཡི་སྔ་དྲོ་བར་སྔོན་འགྲོའི་སྒྲུབ་ཞག་གནང་ཡོད་འདུག སྐབས་དེར་་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྡོར་གླིང་གཏན་སློབ་ཀྱི་སློབ་ཟུར་ཚོགས་པ་དང་། ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་བོད་མིའི་སྤྱི་མཐུན་ཚོགས་པ་གསུམ་གྱིས་བརྟན་བཞུགས་ཕུལ་བ་དང་། མགོན་པོ་གང་ཉིད་ཟི་ལིང་ནས་ལྷ་སར་ཕེབས་ཏེ་དགེ་ཚུལ་སློང་གི་སྡོམ་པ་བཞེས་པའི་སྐོར་དང་། ལོ་ཤས་སྔོན་གྱི་གཟིམས་ལམ་ཞིག་ཏུ་བཅོམ་ལྡན་འདས་ཀྱིས་༧གོང་ས་མཆོག་ཡར་ཤོག་གསུངས་ཏེ་ཐུགས་བརྩེ་ཆེན་པོ་དང་མཉེས་པོ་གནང་ཚུལ་སོགས་ཀྱི་ངོ་མཚར་བའི་གཟིམས་ལམ་དེས། མགོན་པོ་གང་ཉིད་ནས་བཅོམ་ལྡན་འདས་ལ་དད་པ་རྩེ་གཅིག་ཡོད་པ་བཞིན་བཅོམ་ལྡན་འདས་ཀྱིས་རྗེས་སུ་བཟུང་བའི་རྟགས་མཚན་འཆུག་པ་མེད་པ་ཞིིག་བྱུང་བའི་སྐོར་སོགས་གསུངས། དེ་བཞིན་༧གོང་ས་མཆོག་ནས་རྒྱ་གར་ཤར་ལྷོ་ནུབ་བྱང་དང་རྡོ་རྗེ་གདན་དུའང་ཆོས་འཁོར་བསྐོར་གནང་བ་དག་ཡག་པོ་བྱུང་བའི་སྐོར་དང་། སྐུའི་ཡོངས་འཛིན་གྱི་སྐུ་མདུན་ནས་དཔེ་ཆ་གཟིགས་པའི་ཐོག་ནས་བསླབ་པ་གསུམ་གྱི་ཉམས་ལེན་དང་། གཤིས་རྒྱུད་འདུལ་ཐབས། དེའི་ཐོག་ནས་ས་ལམ་བགྲོད་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཇི་ལྟར་ཐོབ་དགོས་མིན་ལ་ཐུགས་ལ་ངེས་པ་ཐོབ་པ་གནང་བ་དང་། རྒྱ་གར་རང་དབང་ལུང་པའི་ནང་དུ་འཛམ་གླིང་གང་ས་ནས་ཡོང་བདེ་བོ་ཡིན་པས་མང་པོ་ཞིག་རྒྱ་གར་ལ་ཡོང་ནས་གང་ཉིད་དང་མཉམ་དུ་བཀའ་མོལ་གནང་བ་སོགས་གང་ལ་གང་འཚམ་ཞབས་འདེགས་སྒྲུབ་ཐུབ་ཡོད་པར་གསུངས་པ་དང་།

ལྷག་པར་དུ་ཚན་རིག་པ་ཆོས་ལ་དད་པ་མེད་མཁན་དེ་འདྲས་ཀྱང་ཚན་རིག་དང་། སེམས་ཁམས་རིག་པའི་སྐོར་ནས་ངོས་ལ་དགའ་བོ་བྱས་ཏེ་ཐུག་འཕྲད་དུ་ཡོང་མཁན་མང་པོ་བྱུང་བ་རེད། དེ་དག་གིས་ཕན་ཐོགས་གང་ལ་གང་འཚམ་ཡོང་གི་འདུག ངོས་ཀྱིས་རྒྱ་གར་དུ་མི་ཚེ་འདི་ལྟར་བསྐྱལ་བ་རེད། གང་ལྟར་བསླབ་པ་གསུམ་གྱི་ཉམས་ལེན་དང་། གཙོ་ཆེ་ཤོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་ཉིན་རེ་བཞིན་དུ་ཉམས་ལེན་མཐིལ་དུ་བཟུང་ནས་བྱེད་བཞིན་ཡོད། བསྟན་པའི་ཞབས་འདེགས་སྒྲུབ་སྟངས་དེ་ལྟར་ཡིན། དེ་རིང་འདིར་སྐབས་སུ་བབ་པ་རྒྱ་གར་ནུབ་བྱང་ས་ཁུལ་འདིར་ང་ཚོ་རུབ་རུབ་བྱེད་རྒྱུ་བྱུང་བ་རེད། ངོས་ཀྱིས་བསྐྱར་བཟླས་ཡང་བཟླས་མང་པོ་ཞུ་རྒྱུ་མི་འདུག གང་ལྟར་ང་ཚོ་ཚང་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རེད། དེང་སང་བསྟན་པ་ཉམས་པའི་ཕྱོགས་སུ་འགྲོ་བཞིན་ཡོད་ཀྱང་། བསྟན་པ་སླར་གསོ་བྱེད་པའི་གོ་སྐབས་ཤིག་ཀྱང་སླེབས་ཀྱི་འདུག སྔ་མོ་ནང་པའི་ཆོས་མ་དར་སའི་ལུང་པ། ཆོས་ལ་ངོ་རྒོལ་བྱེད་མཁན་གྱིས་ཀྱང་ནང་པའི་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་བཞིན་འདུག ངོས་ཀྱིས་དེ་ཡི་ཐོག་ལ་ཞབས་འདེགས་ཕྲན་བུ་ཕྲན་བུ་སྒྲུབ་ཐུབ་ཀྱི་འདུག ང་ཚོ་ཚང་མར་མི་ལུས་ཐོབ་པའི་རིང་ལ་དཀའ་ངལ་མང་པོ་བརྒྱུད་པའི་འོག་བསྟན་པའི་ཞབས་འདེགས་སྒྲུབ་པའི་གོ་སྐབས་ཕྲན་བུ་ཕྲན་བུ་ཡོང་གི་ཡོད་པ་རེད། ངོས་རང་ནས་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད། ཞོགས་པ་གཉིད་སད་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་བཞིན་ཡོད། ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་མི་ལ་ཕན་ཐོགས་གང་འཚམ་ཡོང་ཐུབ་པ་ཤོག་བསམ་པའི་བསམ་བློའི་ཐོག་ནས་མི་ཚེ་སྐྱེལ་བཞིན་ཡོད། ཁྱོད་རང་ཚོས་ཀྱང་དེ་བཞིན་གྱིས་ཞེས་བཀའ་གནང་། ཧམ་པ་བཤད་ན་འགྲིག་གི་མ་རེད་ལ། ཧམ་པ་རེད་ཀྱང་མ་རེད། ཁྱོད་ཚོ་ཚང་མ་ངོས་ཀྱི་སློབ་མ་ཆགས་ཡོད། དེར་བརྟེན། ངོས་ཀྱིས་ཇི་ལྟར་ཉམས་ལེན་བྱེད་བཞིན་པ་དང་། བསམ་བློ་ཇི་ལྟར་གཏོང་བཞིན་པའི་སྐོར་ལ་ཁྱོད་ཚོས་མཉམ་དུ་གོ་བསྡུར་དང་བགྲོ་གླེང་བྱས་ཏེ་ག་ཚོད་ཐུབ་ཐུབ་ཀྱིས་ངོས་ཀྱིས་སྟོང་ཉིད་ཀྱི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པའི་དམིགས་རྣམ་བསྐྱངས་ཚུལ་ལ་དཔེ་བླངས་ནས་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ག་ཚོད་ཐུབ་ཐུབ་ཀྱིས་ཡག་པོ་སྒོམ་ཤོག་ཅེས་བཀའ་སྩལ།

ཐེངས་འདིར་འདི་གའི་གསར་འགོད་པས་རྡོ་རྗེ་གླིང་གི་གོ་སྒྲིག་ཚོགས་པའི་ཚོགས་གཙོ་སྦྱིན་པ་ཕུན་ཚོགས་ལགས་སུ་བརྟན་བཞུགས་དང་འབྲེལ་བའི་སྐོར་བཅར་འདྲི་ཞུ་སྐབས། ཁོང་གིས་ད་རེས་བརྟན་བཞུགས་སྐབས་རྒྱ་བལ་འབྲུག་གསུམ་གཙོས་པའི་སློབ་ཟུར་ ༣༧༠ ཙམ་ཆེད་བཅར་ཞུས་ཡོད་པ་དང་། སྤྱིར་བརྟན་བཞུགས་འབུལ་མཁན་ཚོགས་པ་ཁག་གསུམ་ཡོད་པ་དང་། མ་ཟད་ད་རིང་གནམ་གཤིས་ཡག་པོ་ཡོད་པ་གང་ཞིག་ལ་༧གོང་ས་མཆོག་གི་སྐུ་གཟུགས་ཀྱང་བདེ་ཐང་རེད་འདུག།གཙོ་བོ་ང་ཚོས་བརྟན་བཞུགས་ག་ཚོད་ཕུལ་ཡང་༧སྐྱབས་མགོན་རིན་པོ་ཆེའི་སྐུ་གཟུགས་བདེ་ཐང་ཡོང་རྒྱུ་དེ་གལ་ཆེན་པོ་ཡིན་པ་མ་ཟད་རྩ་ཆེ་ཤོས་དེ་རེད། དེ་དང་མཉམ་ད་རིང་བསྟན་བཞུགས་དེ་དཔེ་ཡག་པོ་ཆགས་སོང་ཞེས་དང་། དེ་དང་ལྷན་ཁོང་ལ་ཚོར་སྣང་ག་རེ་བྱུང་མིན་སྐོར་བཅར་འདྲི་ཞུ་སྐབས། ཁོང་གིས་ད་ལོ་༧གོང་ས་མཆོག་དགུང་གྲངས་༩༠ཕེབས་ཀྱི་ཡོད་དུས། བོད་མིས་ཚང་མས་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དམིགས་སུ་བཙན་བྱོལ་ནང་གི་བོད་མི་དང་ང་ཚོ་རྡོར་གླིང་གཏན་སློབ་ཀྱི་སློབ་མ་སློབ་ཟུར་རྣམས་ཧྲག་ཐག་ཐག་ཆགས་པ་དེ་ཁོང་གི་བཀའ་དྲིན་ཡིན་དུས་ཚང་མས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་བྱུང་།
གཞན་ཡང་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བསྟན་འཛིན་ལྷ་མོ་ལ་བརྟན་བཞུགས་དང་འབྲེལ་ཏེ་བཅར་འདྲི་ཞུ་སྐབས། ཁོང་གིས་ཐེངས་འདིར་ཚོགས་པའི་རྒྱུན་ལས་བཞི་དང་ལས་བྱེད་གཅིག མི་མང་ ༣༥བཅས་ཆེད་བཅར་ཞུས་ཡོད། ངའི་མི་ཚེའི་ནང་བརྟན་བཞུགས་དང་པོ་དེ་ཡིན་པ་དང་། བརྟན་བཞུགས་དེའི་ཆེད་ང་ཚོའི་གོ་སྒྲིག་ཚོགས་ཆུང་ཐུན་མོང་ནས་ཕྱི་ཟླ་༢པ་ནས་དྲྭ་རྒྱའི་ཐོག་ཚོགས་འདུ་ཚོགས་པ་རེད། བསྟན་བཞུགས་དེའི་བརྒྱུད་ནས་ཁོང་མོས་བརྟན་བཞུུགས་སྒྲ་སྒྲིག་བྱེད་སྟངས་དང་རྒན་གཞོན་གོ་རིམ་བརྩི་བཀུར་བྱེད་སྟངས། མཐུན་སྒྲིལ་གྱི་ལས་ཀ་བྱེད་སྟངས་དང་། དེ་བཞིན་རྒན་པ་ནས་བསླབ་བྱ་བཅས་མང་པོ་ཤེས་སོང་བཅས་བརྗོད་བྱུང་།

དེ་བཞིན་དུ་ནེའུ་ཡོག་ནེའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རིག་འཛིན་སྒྲོལ་མས། བསྟན་བཞུགས་ཆེད་ནེའུ་ཡོག་དང་ནེའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་མི་བདུན་དང། མི་གྲངས་ཁྱོན་བསྡོམས་༣༥ནས་༤༠ཡས་མས་ཤིག་སླེབས་ཡོད་ཅེས་གསུངས་བྱུང་། གཞན་ཡང་ཕྱོགས་མཐའ་ཁག་ནས་ཡོང་བ་དང་བཞུགས་སྒར་དུ་གནས་པའི་སེར་སྐྱ་མང་པོ་ཞིག་ཐེངས་འདིའི་བརྟན་བཞུགས་སུ་མཇལ་བཅར་དུ་སླེབས་འདུག
གསར་འགོད་པ། བསྟན་འཛིན་ཆོས་དབྱངས།