༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོ་གཙོས་པའི་དད་ལྡན་པ་༡༥༢ ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཕྱི་ཟླ་ ༦ པའི་ཚེས་ ༢༠ ཉིན་དགའ་ལྡན་ཕོ་བྲང་གི་དྲྭ་བའི་གནས་ཚུལ་དུ། གོང་ཚེས་ཉིན་གྱི་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཚོགས་ཁང་དུ་ཞབས་སོར་འཁོད་དེ། སོག་པོའི་མན་ཛུ་ཤྲི་ཧོ་ཐོག་ཐུ་བསྟན་འཛིན་འཇམ་དབྱངས་རྡོ་རྗེ་མཆོག་གཙོས་པའི་དད་ལྡན་མཇལ་བཅར་བ་ ༡༥༢ ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་སྩལ་འདུག་པ་དང་། སྐབས་དེར་དད་ལྡན་སེར་སྐྱ་མི་མང་གིས་བོད་སྐད་དུ་དམིགས་བརྩེ་མ་སོགས་ཞལ་འདོན་གསུང་འདོན་དང་འབྲེལ། མན་ཛུ་ཤྲི་ཧོ་ཐོག་ཐུ་བསྟན་འཛིན་འཇམ་དབྱངས་རྡོ་རྗེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སེར་སྐྱ་ཁག་ཅིག་གིས་རྟེན་གསུམ་སོགས་འདེགས་འབུལ་ཞུས་ཡོད་འདུག་པ་དང་། མཇལ་ཁ་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་མངགས་འབྱོར་བའི་སོག་པོའི་སྤུན་ཟླ་རྣམ་པ་གཙོ་བོར་གྱུར་པའི་སོག་རིགས་སྤུན་ཟླ་ཚང་མར་འཚམས་འདྲི་ཞུས་གནང་འདུག་པ་དང་། ༧གོང་ས་མཆོག་གིས་བོད་སོག་གཉིས་ཞེས་ཐུན་མོང་མ་ཡིན་པའི་འབྲེལ་བའི་སྐོར་གསུངས་པ་དང་སྦྲགས། མགོན་པོ་གང་ཉིད་ལ་ཆ་བཞག་ནའང་དགེ་རྒན་གཙོ་བོ་དངོས་གྲུབ་ཚོགས་གཉིས་སོག་པོ་ཡིན་པ། ཁོང་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པར་གསུངས་པ་དང་། དེ་བཞིན་བོད་སོག་གཉིས་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པ་དང་། དེ་རིང་འདིར་ཁོང་རྣམས་སོག་པོ་མང་པོ་ཞིག་ཆེད་མངགས་སུ་ཡོང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག
དེ་བཞིན་མགོན་པོ་གང་ཉིད་ལ་རྟགས་གསལ་སློབ་མཁན་གྱི་དགེ་རྒན་གཙོ་བོ་སོག་པོ་དངོས་གྲུབ་ཚོགས་གཉིས་ཡིན་པ་དང་། དུས་ཚོད་འགྱུར་བ་ཧ་ཅང་མང་པོ་འགྲོ་བཞིན་ཡོད་ཀྱང་། སངས་རྒྱས་པའི་ཆོས་ཀྱི་གཟི་བརྗིད་ཁྱོན་ནས་ཉམས་རྒྱུ་མེད་པ། དེང་སང་ཚན་རིག་པས་ནང་སེམས་ཁམས་རིག་པའི་སྐོར་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་ཡོད་པས། ཁོང་གིས་ཚན་རིག་དང་འབྲེལ་ནས་ཀླད་པའི་རྣམ་གཞག་སྐོར་འགྲེལ་བཤད་གནང་བཞིན་ཡོད་པ། བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དང་། དེའི་ནང་ཚན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་ནང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རིགས་པའི་ལམ་ནས་གཏན་ལ་ཕབ་པ་ཧ་ཅང་ཞིབ་ཚགས་པོ་དང་རྒྱ་ཆེན་པོ་ཡོད་པའི་སྐོར་བཅས་གསུངས་པ་དང་མ་ཟད།
མགོན་པོ་གང་ཉིད་རྒྱ་གར་དུ་ཕེབས་ཏེ་མོན་ནས་བཟུང་རྡ་རམ་ས་ལར་བཞུགས་དུས་རྒྱ་གར་གྱི་ནང་པ་དང་། འཛམ་གླིང་གི་ནང་པའི་རྗེས་འཇུག་པ་དང་། སེམས་ཁམས་རིག་པའི་སྐོར་དོ་སྣང་ཡོད་མཁན་དང་། ཚན་རིག་ལའང་དོ་སྣང་ཡོད་མཁན་མང་པོར་ཐུག་འཕྲད་གནང་གི་ཡོད་ཅིང་། ལྷ་སར་ཕེབས་ནས་ཡོངས་འཛིན་རྡོ་རྗེ་འཆང་ཚོའི་ས་ནས་དཔེ་ཆ་དཔེ་ཁྲིད་ཞུས་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རྣམ་དཔྱོད་ཀྱི་གཟི་འོད་འབར་ནས་ཧ་ཅང་ཡག་པོ་བྱུང་བ། གང་ལྟར་སངས་རྒྱས་པའི་ཆོས་ཚན་སྤྱི་དང་། ལྷག་པར་དུ་དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་ལ་རིགས་པའི་ལམ་ནས་གཏན་ལ་དབབ་རྒྱུ་གཙོ་བོ་ཡིན་པ།
མོན་བརྒྱུད་ནས་རྒྱ་གར་དུ་ཕེབས་འབྱོར་བྱུང་བ་དང་། ད་ལྟ་འདིར་གཞིས་ལྟ་བུ་ཆགས་ནས་ཆོས་དང་རིག་གཞུང་གི་གོམས་གཤིས་མི་གཅིག་པའི་ལུང་པ་འདྲ་མིན་གྱི་མི་དང་ཐུག་གི་ཡོད་པས། མགོན་པོ་གང་ཉིད་ལའང་བློ་བསྐྱེད་ཡོང་གི་ཡོད་པ་དང་ཁོ་ཚོར་ཡང་བློ་བསྐྱེད་ཡོང་གི་ཡོད་པས་ཧ་ཅང་ཡག་པོ་ཡོད་པར་གསུངས། དེ་བཞིན་སེམས་ཁམས་རིག་པའི་སྐོར་ལ་བོད་ལ་འགྱུར་བའི་ནང་ཆོས་ལས་བཤད་པ་ལས་ཟབ་པ་དང་རྒྱ་ཆེ་བ་ཞིག་བཤད་མེད་པ་དང་། ང་ཚོ་བཙན་བྱོལ་བ་ཆགས་ནས་སྤྱིར་བཏང་གི་འགྲོ་སྟངས་བྱས་ན་ཉམ་ཐག་པོ་ཞིག་ཡིན་ཡང་། དེ་སྔ་སློབ་སྦྱོང་བྱས་པའི་གཟི་བརྗིད་མུ་མཐུད་ནས་འཕྲོ་སྡོད་པ་མ་གཏོགས་ཉམས་རྒྱུ་མེད་པ་དང་། རྒྱ་གར་དུ་ཕེབས་ནས་ལོ་མང་པོ་ཕྱིན་ཞིང་། སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་སྐོར་ལ་དོ་སྣང་བྱེད་མཁན་འཛམ་གླིང་ཡོངས་སུ་ཤུགས་ཆེ་རུ་འགྲོ་བཞིན་པས། མགོན་པོ་གང་ཉིད་ཆུང་ཆུང་སྐབས་ནས་བསླབ་པའི་ལྟ་གྲུབ་ཀྱི་སྐོར་དེང་སང་གི་དུས་ཚོད་འདིར་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་བཅས་ལ་བཀའ་སློབ་གནང་བ་དང་མཇལ་ཁ་བཀའ་དྲིན་སྩལ་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།