༧གོང་ས་༧ མཆོག་གིས་སྲིད་བློན་མོ་དྷི་ལ་འོས་བསྡུའི་ཁྲོད་རྒྱལ་ཁབ་ཐོབ་པར་འཚམས་འདྲི་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་པར།

ཕྱི་ཟླ་༥ པའི་ཚེས་༦ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་ལ་ཐེངས་འདིའི་འོས་བསྡུའི་ཁྲོད་སྦི་ཇེ་པི་སྲིད་དོན་ཚོགས་པ་དང་མང་གཙོ་མཉམ་འབྲེལ་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་གནང་འདུག་ལ།

འཚམས་འཕྲིན་ནང་དུ་རྒྱ་གར་གྱིས་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་འགན་འཁུར་བཞིན་པར་བསྔགས་བརྗོད་དང་། འོས་བསྡུ་འདི་ལ་བརྟེན་ནས་རྒྱ་གར་གྱི་མི་མང་གིས་མང་གཙོ་ལ་རིན་ཐང་ཆེན་པོ་འཇོག་གི་ཡོད་པའི་སྐོར། དེ་བཞིན་རྒྱ་གར་གྱི་གནའ་བོའི་དཔལ་ཡོན་དེའི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་ནི་འཚེ་མེད་སྙིང་རྗེ་ཡིན་པ་དང་། རྒྱལ་ཁབ་གཞན་ཚོའི་ཁྲོད་ནས་རྒྱ་གར་ནི་འགོ་འཁྲིད་མཁན་ཞིག་ཏུ་ངོས་འཛིན་བྱེད་མཁན་མང་དུ་འགྲོ་བཞིན་པ། མགོན་པོ་གང་གིས་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་མིར་སྣེ་ལེན་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་གསུངས་གནང་བ་མ་ཟད། རྒྱ་གར་གྱིས་བྱམས་བརྩེའི་སྒོ་ནས་སྣེ་ལེན་གནང་བར་བོད་མི་ཚོས་རང་དབང་དང་ཞི་བདེའི་ངང་གནའ་བོའི་རིག་གཞུང་རྒྱུད་འཛིན་དང་རྒྱ་གར་གྱི་མི་རབས་གསར་པ་ཚོའི་ཁྲོད་དུ་གནའ་བོའི་རྒྱ་གར་གྱི་རིག་གཞུང་ལ་དོ་སྣང་དང་གོ་རྟོགས་ཡོང་བ་བྱེད་ཐུབ་པའི་སྐོར་སོགས་གསུངས་འདུག གཞན་ཡང་སྲིད་བློན་གྱིས་ལས་ཡུན་གསར་པ་བཞེས་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་མཚམས་འདིར། རྒྱལ་ཁབ་ཆེན་པོ་འདིའི་མི་མང་གི་རེ་འདོད་སྐོང་བའི་སླད་དུ། འབྱུང་འགྱུར་འཕྲད་སྲིད་པའི་དཀའ་ངལ་མཐའ་དག་གདོང་ལེན་གནང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག