༧གོང་ས་མཆོག་ག་རེ་བྱས་ནས་ཁུ་སིམ་པོ་ཡིན་ནམ།
རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཞིག་གིས། རྒྱ་གར་དང་རྒྱ་ནག་བར་ས་མཚམས་ཀྱི་རྩོད་རྙོག་ཉེན་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ༧གོང་ས་མཆོག་དང་བོད་མི་རྣམས་གནད་དོན་དེའི་ཐད་ཁུ་སིམ་པོར་ག་རེ་བྱེད་ནས་སྡོད་ཀྱི་ཡོད་སྐོར་གྱི་རྩོམ་ཡིག་གཅིག་བྲིས་འདུག
ཟླ་༧ པའི་ཚེས་༢༥ ཉིན་རྒྱ་གར་གྱི་དབྱིན་ཡིག་གསར་ཤོག་རྙིང་ཤོས་གྲས་སུ་ཚུད་པ་(The Statesman) ཞེས་པའི་དྲ་ཐོག་ཏུ་རྒྱ་གར་གྱི་གྲོས་ཚོགས་གོང་མའི་བྷེ་ཇེ་བྷེ་འཐུས་མི་སྐུ་ཞབས་ར་ཝེན་ཌེ་ར་ཀི་ཤོར་སིན་ཧཱ་(Ravindra Kishore Sinha) ཡིས། རྒྱ་གར་གྱིས་༧གོང་ས་མཆོག་དང་བོད་མི་རྣམས་ལ་སྐྱབས་བཅོལ་སྤྲད་ཡོད་པ་མ་ཟད། རྒྱ་གར་གྱིས་༧གོང་ས་མཆོག་ལ་བརྩི་མཐོང་ཆེན་པོ་སྤྲད་ཀྱི་ཡོད་རེད། ཉེ་བའི་ཆར་ནས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཚབས་ཆེ་རུ་འགྲོ་བཞིན་ཡོད་ཀྱང་། ༧གོང་ས་མཆོག་དང་བོད་མི་རྣམས་ཀྱིས་རྒྱ་ནག་གི་བཙན་རྒྱལ་རིང་ལུགས་ཀྱི་འཆར་གཞི་ལ་སྐྱོན་བརྗོད་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་བྲིས་འདུག་པ་མ་ཟད། གནད་དོན་དེའི་ཐད་༧གོང་ས་མཆོག་གིས་གང་ཡང་མ་གསུང་བ་དེ་ཧང་སངས་དགོས་པ་ཞིག་རེད་ཅེས་བྲིས་འདུག
དེ་བཞིན་རྩོམ་ཡིག་དེའི་ནང་༧གོང་ས་མཆོག་གི་རྒྱུན་དུ་ནས་ཁོང་རྒྱ་གར་གྱི་བུ་ཞིག་ཡིན་པ་དང་། རྒྱ་ནག་ལ་རྒྱ་གར་ནས་མང་གཙོའི་ལམ་ལུགས་སྦྱོངས་དགོས་སྐོར་སོགས་གསུངས་ཡོད་པ་རེད། ཁོང་གི་དགོངས་ཚུར་དེ་དག་ནི་བསྔགས་བརྗོད་འོས་པ་ཡིན་ཡང་། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་གི་གནས་སྟངས་དེ་ཉེན་ཁའི་གནས་སུ་ཡོད་པས། རྒྱ་གར་ལ་༧གོང་ས་མཆོག་གི་རྒྱབ་སྐྱོར་དགོས་ཀྱི་ཡོད་ཀྱང་། སེམས་ཕམ་དགོས་པ་ཞིག་ལ་ཁོང་གིས་ད་བར་གནད་དོན་དེའི་ཐད་གང་ཡང་གསུངས་མེད། རྒྱ་གར་གྱིས་༧གོང་ས་མཆོག་རྒྱལ་ཁབ་དེའི་མགྲིན་ཚབ་པ་བྱེད་པའི་རེ་ལྟོས་བྱེད་ཀྱི་མེད་ཀྱང་། རྒྱ་གར་གྱིས་ཁོང་གིས་རྒྱ་ནག་གི་ཉེན་ཚབས་ཅན་གྱི་འཆར་གཞི་དེ་གསལ་འདོན་བྱེད་པར་རེ་ལྟོས་བྱེད་ཆོག་གི་ཡོད་སྐོར་བྲིས་འདུག

ཁོང་གིས་མུ་མཐུད་ནས་རྒྱ་གར་ནང་བོད་མི་མང་པོ་གནས་སྡོད་བྱེད་ཀྱི་ཡོད་ཁར། མང་པོ་ཞིག་ལ་རྒྱ་གར་གྱི་མི་སེར་ལག་ཁྱེར་ཡོད་པ་མ་ཟད། རྒྱ་གར་ནང་དུ་རྒྱ་ནག་གི་དྲག་གནོན་གྱི་སྲིད་ཇུས་དང་རྒྱ་ནག་གི་འགོ་ཁྲིད་རྒྱ་གར་དུ་འབྱོར་སྐབས། བོད་མི་ཚོས་རང་དབང་ཐོག་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་རང་དབང་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད། རྒྱ་དཀར་ནག་གི་ས་མཚམས་ཀྱི་རྩོད་རྙོག་ཐད་བོད་མི་རྣམས་ཀྱིས་རྒྱ་གར་ལ་རྒྱབ་སྐྱོར་བྱས་མེད་པ་དང་། རྒྱ་གར་ས་གནས་གཅིག་ལ་ཡང་ངོ་རྒོལ་ལས་འགུལ་སྤེལ་མེད་པ། རྒྱ་གར་གྱིས་༧གོང་ས་མཆོག་དང་བོད་མི་རྣམས་ནས་རྒྱ་གར་ལ་རྒྱབ་སྐྱོར་རྣམ་པ་སྟོན་པའི་རེ་ལྟོས་ངེས་གཏན་བྱེད་ཀྱི་ཡོད་ཀྱང་། སེམས་ཕམ་པ་ཞིག་ལ་དེ་ལྟར་བྱུང་མེད་པས། དེ་ནི་རྒྱ་གར་ལ་སེམས་ཕམ་དགོས་པའི་སྣ་སུན་ཞིག་རེད་ཅེས་བྲིས་འདུག
རྩོམ་པ་པོ་ཁོང་དེ་སྔོན་གསར་འགོད་པ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༤ ལོར་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ནང་བྷི་ཧར་མངའ་སྡེ་ནས་བྷི་ཇེ་བྷེ་ཡི་འཐུས་མིར་འདེམས་ཐོན་བྱུང་ནས། ད་ལྟའི་ཆར་ལས་གནས་དེར་ལས་ཁུར་བྱེད་མུས་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།