༧གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་ནས་རྒྱ་ནག་གིས་རྒྱ་གར་ལ་ཉེན་བརྡ་བཏང་འདུག

རྒྱ་ནག་གི་ཉེན་བརྡ་ལ་མ་ལྟོས་པར། རྒྱ་གར་གཞུང་གིས་ཟླ་རྗེས་མའི་ནང་རྒྱ་དཀར་ནག་གཉིས་བར་བདག་དབང་ཐད་རྩོད་རྙོག་ཡོད་པའི་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མངའ་སྡེར་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་འཇུག་རྒྱུ་དང་། སྐབས་དེར་དབུས་གཞུང་གི་མཐོ་རིམ་མི་སྣས་སྣེ་ལེན་ཞུ་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་༤ ཉིན་རྒྱལ་སྤྱི་དང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་དབུས་གཞུང་གིས་ཟླ་རྗེས་མར་༧གོང་ས་མཆོག་ཨ་རུ་ན་ཅཱལ་མངའ་སྡེར་ཆོས་དང་འབྲེལ་བའི་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་དང་། རྒྱ་གར་དེ་ཉིད་མང་གཙོ་དང་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་ཅིག་ཡིན་པས། ༧གོང་ས་མཆོག་རྒྱ་གར་གྱི་ས་ཁུལ་གང་དུ་ཕེབས་ཀྱང་བཀག་འགོག་མེད་སྐོར་བརྗོད་ཡོད་འདུག་པས། ཟླ་འདིའི་ཚེས་༣ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གིས། ༧གོང་ས་མཆོག་གི་ཆིབས་བསྒྱུར་དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་པས། རྒྱ་གར་གྱིས་ཁོང་ལ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་ཀ་བྱེད་པའི་སྡིང་ཆ་མི་རུང་བའི་ཉེན་བརྡ་བཏང་ཡོད་འདུག

15970756_1206237326121385_754361769_n༧གོང་ས་མཆོག་ཨ་རུ་ན་ཅཱལ་མངའ་སྡེར་ལོ་བརྒྱད་ཀྱི་རྗེས་སུ་ཐེངས་དང་པོར་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་འདུག་པ་དང་། སྐབས་དེར་རྒྱ་གར་ནང་སྲིད་ལས་ཁང་གི་བློན་ཆེན་གཞོན་པ་ཀི་རེན་རི་ཇུས་ཁོང་དང་མཇལ་འཕྲད་གནང་རྒྱུ་རེད་འདུག བློན་ཆེན་ཁོང་གིས་༧གོང་ས་མཆོག་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པས། ཁོང་གི་ཆིབས་བསྒྱུར་ལ་བཀག་འགོག་བྱེད་པའི་དགོས་པ་མེད་པ། དེ་བཞིན་རྒྱ་གར་གྱི་སྲིད་ཇུས་འཛིན་ཕྱོགས་ལ་འགྱུར་བ་འགྲོ་བཞིན་ཁར་བློ་སྤོབས་ཆེན་པོ་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུག

སྤྱི་ཡོངས་ནས་༧གོང་ས་མཆོག་གི་ཆིབས་བསྒྱུར་དེ་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་མང་པོ་ཞིག་ཏུ། དེ་སྔོན་རྒྱ་ནག་གིས་རྒྱ་གར་དེ་རྒྱལ་སྤྱིའི་རྡུལ་ཕྲན་མཁོ་སྤྲོད་ལྷན་ཚོགས་ཀྱི་ཚོགས་མིར་ཞུགས་པར་བཀག་འགོག་བྱས་ཡོད་ཁར། དེ་བཞིན་རྒྱ་གར་ལ་དྲག་རྒོལ་བྱེད་མཁན་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་གི་འགོ་ཁྲིད་ཅིག རྒྱ་གར་གྱིས་མཉམ་སྦྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་ཐོ་ཁོངས་སུ་འགོད་ཐབས་བྱས་པར་རྒྱ་ནག་གིས་བསྐྱར་དུ་བཀག་འགོག་བྱས་ཡོད་པས། རྒྱ་གར་གྱིས་ཕར་རྒོལ་སློག་ཆེད་དུ་རྒྱ་ནག་དམར་ཤོག་ཚོགས་པས་ཚོར་བ་རྣོན་པོ་བཟུང་སའི་གནད་དོན་བེད་སྤྱད་ཀྱི་ཡོད་སྐོར་གྱི་བསམ་ཚུལ་བརྗོད་མཁན་མང་པོ་ཞིག་འདུག

དེ་ཡང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ནི་ཁ་བྲལ་རིང་ལུགས་ཤིག་ཡིན་སྐོར་ཡོངས་བསྒྲགས་བྱས་ནས། ༧གོང་ས་མཆོག་རྒྱལ་སྤྱིའི་རྒྱལ་ཁབ་གང་དུ་ཕེབས་ཀྱང་ངོ་རྒོལ་གྱིས། རྒྱལ་ཁབ་དེའི་ཆབ་སྲིད་འགོ་ཁྲིད་དང་མཇལ་འཕྲད་གནང་རྒྱུར་བཀག་འགོག་ཡོང་ཆེད་གནོན་ཤུགས་འདྲ་མིན་སྤྲོད་ཀྱི་ཡོད་པ་རེད། གནོན་ཤུགས་དེ་ལ་བརྟེན་ནས་ཕྱི་ལོ་༢༠༡༥ ལོར་༧གོང་ས་མཆོག་སྟོབས་ཆེན་རྒྱལ་ཁབ་དབྱིན་ཡུལ་དུ་ཆིབས་བསྒྱུར་བསྐྱངས་སྐབས། ཡུལ་དེའི་སྲིད་བློན་གྱིས་ཁོང་དང་མཇལ་འཕྲད་གནང་མེད་པས། རྒྱ་ནག་གིས་གནོན་ཤུགས་ཀྱི་ཤུགས་རྐྱེན་གསལ་པོ་མངོན་ཐུབ་པ་བྱུང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།