༧གོང་ས་མཆོག་གི་ཆིབས་སྒྱུར་ལ་རྒྱ་གཞུང་གིས་ངོ་རྒོལ།
༧གོང་ས་མཆོག་ཨ་རི་དང་ཁ་ཎ་ཌའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཐུན་མོང་ནས་གདན་ཞུ་གནང་བའི་ཚོགས་འདུའི་ཐོག་ཆིབས་སྒྱུར་ལ་རྒྱ་གཞུང་གིས་གནོན་ཤུགས་སྤྲད་འདུག
ཕྱི་ཟླ་༣ ཚེས་༡༡ ཉིན་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནས་སུད་སིའི་གྲོང་ཁྱེར་རྗི་ནཱི་ཝ་རུ་ཆིབས་སྒྱུར་བསྐྱངས་ཏེ། ཨ་རི་དང་ཁ་ཎ་ཌའི་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཀྱི་སྐུ་ཚབ་ཐུན་མོང་ནས་གོ་སྒྲིག་བྱས་པའི་ཚོགས་འདུ་ཞིག་གི་སྟེང་མཉམ་ཞུགས་གནང་རྒྱུ་ཡིན་ཞིང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཆིབས་བསྒྱུར་ཐད་ཕྱི་འབྲེལ་མི་སྣ་དང་རྒྱལ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ལ་ཡི་གེ་བཏང་སྟེ་གནོན་ཤུགས་སྤྲད་ཡོད་འདུག
དེའང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཚོགས་འདུ་གོ་སྒྲིག་ཞུ་མཁན་ཕྱོགས་ནས་སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕུད་པའི་ད་དུང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལྕམ་ཏཱ་ཝ་ཁོལ་ཁར་མེན་(awakkol Karman) ལགས་དང་། ཨི་རན་གྱི་རང་དབང་རྩོན་ལེན་པ་ལྕམ་ཤཱི་རི་ཨི་བྷ་ཌི་(shirin ebadi) ལགས་བཅས་ནོར་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གསུམ་གདན་ཞུ་བྱས་ཡོད་ཅིང་། ཁོང་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་རེད།
སྐབས་དེའི་ཚོགས་ཐོག་ཏུ་ད་དུང་རྒྱལ་ཁབ་སོ་སོའི་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཀྱི་དཔོན་རིགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་བྱ་རྒྱུ་ཡིན་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཡུ་རོབ་སྐུ་ཚབ་དོན་གཅོད་ཁང་ནས་འགྲེལ་བརྗོད་བྱས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་༣༡ པ་འཚོགས་པའི་སྐབས་སུ། ཨ་རི་དང་ཁ་ཎ་ཌ་གཉིས་ཀྱི་རྒྱལ་ཚོགས་སུ་བཅའ་སྡོད་སྐུ་ཚབ་ཐུན་མོང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུ་འབྱོར་ཏེ་སྐབས་ཐོག་གོ་སྒྲིག་ཞུས་པའི་མཛད་འཆར་ཞིག་ཡིན་འདུག་ཅིང་། ས་གནས་ཀྱི་བོད་རིགས་གཙོས་པའི་དད་ལྡན་རྣམས་ལ་མཇལ་ཁ་གནང་རྒྱུའི་གོ་སྒྲིག་ཞུ་མིན་ཐག་གཅོད་བྱས་མི་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་གནད་དོན་དེའི་ཐད་ཕྱི་འབྲེལ་མི་སྣ་དང་རྒྱལ་ཚོགས་ཀྱི་དཔོན་རིགས་ལ་ཡི་གེ་བཏང་སྟེ་གནོན་ཤུགས་སྤྲད་ཡོད་པ་དང་། ཁོང་རྣམས་ལ་རེས་གཟའ་པ་སངས་ཉིན་རྗི་ནཱི་ཝ་རུ་འཚོགས་འཆར་གྱི་ཏཱ་ལའི་བླ་མའི་གཏམ་བཤད་མཛད་སྒོའི་ཐོག་མཉམ་ཞུགས་མི་བྱ་རྒྱུའི་རེ་བ་བཏོན་ཡོད་པ་མ་ཟད། ཏཱ་ལའི་བླ་མ་ནི་ཁ་བྲལ་གྱི་ལས་འགུལ་དང་འབྲེལ་བ་ཡོད་པས་ཁོང་ཐོན་སའི་སྡིངས་ཆ་ཡོད་ཚད་ལ་ངོ་རྒོལ་བྱ་རྒྱུའི་ལངས་ཕྱོགས་བསྐྱར་ནན་བྱས་ཡོད།
རོའུ་ཊར་གསར་ཁང་གིས་རེས་གཟའ་ཕུར་པུའི་ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་རྗི་ནཱི་ཝ་རུ་བཅའ་སྡོད་ཀྱི་སྐུ་ཚབ་ཚོགས་པས་བཏང་བའི་ཡི་གེའི་ནང་ཏཱ་ལའི་བླ་མ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཚོགས་ཚུང་གི་ཚོགས་འདུའི་སྟེང་མཉམ་ཞུགས་བྱ་རྒྱུར་ངོ་རྒོལ་བྱས་ཡོད་པ་དང་། ཡི་གེ་དེ་བཏང་པའི་དུས་ཚོད་ནི་ཟླ་༣ ཚེས་༨ ཉིན་ནི་ཨ་རི་དང་ཁ་ཎ་ཌ་གཉིས་ཐུན་མོང་ནས་རོགས་སྐྱོར་གྱི་ལས་འགུལ་གསལ་བསྒྲགས་སྤེལ་བའི་ཉིན་ཏག་ཏག་དང་ཁེལ་ཡོད་པ་རེད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།