༧གོང་ས་མཆོག་གི་ཉེ་འཁོར་གནད་ཡོད་མི་སྣ་ཁག་ཅིག་རྒྱ་གར་གཞུང་གི་གསང་མྱུལ་དམིགས་འབེན་ནང་ཚུད་ཡོད་སྐོར་འདུག 

བཙན་བྱོལ་བོད་མིའི་སྲིད་སྐྱོང་ཟུར་པ་དང་བཀའ་བློན་ཁྲི་ཟུར། དེ་བཞིན་དོན་གཅོད་ཟུར་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སོགས་༧གོང་ས་མཆོག་གི་ཉེ་འཁོར་གནད་ཡོད་མི་སྣ་ཁག་ཅིག རྒྱ་གར་དབུས་གཞུང་གི་གསང་མྱུལ་བྱེད་ཡུལ་དམིགས་འབེན་གྱི་གྲངས་ཐོ་ནང་དུ་ཡོད་པའི་གནས་ཚུལ་ཕྱིར་ཐོན་འདུག་པ་དང་། བརྒྱུད་ལམ་ཁག་ཏུ་རྒྱ་གར་གྱིས་གསང་མྱུལ་བྱེད་སྲིད་པའི་རྒྱུ་མཚན་ཡང་མི་འདྲ་བ་བརྗོད་བཞིན་འདུག 

ཉེ་བའི་ཆར་རྒྱལ་སྤྱིའི་ནང་ཨི་ཛེ་རིལ་ནས་ཐོན་པའི་གསང་མྱུལ་གྱི་མཉེན་ཆས་ཤིག་གིས། གནད་ཡོད་མི་སྣ་དང་ལས་འགུལ་བ། གསར་འགོད་པ་སོགས་ཀྱི་ཁ་པར་ནང་དུ་འཇབ་རྒོལ་གྱིས་དབང་ཆ་གཅིག་སྡུད་ཀྱི་སྲིད་གཞུང་ཚོས་གསང་མྱུལ་བྱེད་ཀྱི་ཡོད་པའི་གསང་བའི་གནས་ཚུལ་ཕྱིར་ཐོན་རྗེས། རྒྱ་གར་ནང་དུ་ཡང་མཉེན་ཆས་དེ་བེད་སྤྱད་ནས་གསང་མྱུལ་བྱེད་ཡུལ་གྱི་ཁ་པར་ཨང་གྲངས་ཀྱི་གྲངས་ཐོ་ཞིག་ཕྱིར་ཐོན་ནས། ཁ་པར་ཨང་གྲངས་ཀྱི་བདག་པོ་ཁག་ཅིག་གི་ཁ་པར་ལ་བརྟག་དཔྱད་བྱས་པ་བརྒྱུད། གསང་མྱུལ་གྱི་མཉེན་ཆས་དེས་འཇབ་རྒོལ་བྱས་ཡོད་པའི་གྲུབ་དོན་རྙེད་སོན་བྱུང་ཡོད་པ་རེད་འདུག 

དེ་དང་འབྲེལ་ནས་ཚེས་༢༢ ཉིན་རྒྱ་གར་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལ། སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ། བཀའ་ཟུར་དང་དོན་གཅོད་ཟུར་པ་བསྟན་པ་ཚེ་རིང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྟག་ལྷ་བསྟན་འཛིན། དྲུང་ཆེ་འཆི་མེད་རིག་འཛིན། དེ་བཞིན་༧རྒྱལ་དབང་ཀརྨ་པའི་ཡིག་ཚང་གི་ལས་བྱེད། ལས་འགུལ་བ་སོགས་ཀྱི་ཁ་པར་ཨང་གྲངས་རྣམས། རྒྱ་གར་ནང་དུ་གསང་མྱུལ་མཉེན་ཆས་དེའི་དམིགས་འབེན་གྱི་གྲངས་ཐོའི་ནང་ཡོད་པ་རེད་འདུག 

དེ་ཡང་ཕྱི་ལོ་༢༠༡༧ ལོའི་ལོ་མཇུག་ཏུ་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མས་རྒྱ་ནག་དང་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་བྱས་པའི་རྗེས་སུ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༧གོང་ས་མཆོག་དང་ཁོང་གཉིས་ཐུག་འཕྲད་མ་གནང་བའི་སྔོན་དང་རྗེས་ཀྱི་དུས་ཡུན་སྐབས་སུ། བཙན་བྱོལ་བོད་མིའི་གནད་ཡོད་མི་སྣ་དེ་དག་གི་ཁ་པར་ཨང་གྲངས་གསང་མྱུལ་གྱི་མཉེན་ཆས་དེའི་དམིགས་འབེན་དུ་འདེམས་སྒྲུག་བྱས་ཡོད་པ་རེད་འདུག 

ཨི་ཛེ་རིལ་ནས་ཐོན་པའི་མཉེན་ཆས་དེས་དམིགས་འབེན་བྱེད་ཡུལ་གྱི་མི་སྣ་དེའི་ཁ་པར་ནང་དུ་འཇབ་རྒོལ་བྱས་ནས། གློག་འཕྲིན་དང་འཕྲིན་ཐུང་། པར་སོགས་ལྟ་ཀློག་བྱེད་ཐུབ་པ་མ་ཟད། ཁ་པར་ཐོག་གི་སྐད་ཆ་རྣམས་སྒྲ་འཇུག་བྱེད་པ། དེ་བཞིན་ཁ་པར་གྱི་(Microphone) བརྒྱུད་ནས་གཡས་གཡོན་གྱི་སྐད་ཆ་ཉན་པ་སོགས་བྱེད་ཐུབ་ཀྱི་ཡོད་འདུག ཨི་ཛེ་རིལ་གྱི་ཚོང་ལས་ཁང་དེས་གསར་འགོད་པ་དང་ལས་འགུལ་བ་སོགས་ལ་གསང་མྱུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་དེ་ནི་བདེན་པ་མིན་པ། ཚོང་ལས་ཁང་དེའི་མཉེན་ཆས་ནི་འཇིགས་སྐུལ་རིང་ལུགས་པ་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཁག་བཀག་འགོག་བྱེད་ཆེད་དུ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་ཡོད་པའི་སྲིད་གཞུང་ཁག་ལ་མཉེན་ཆས་དེ་བཙོང་གི་ཡོད་སྐོར་བརྗོད་འདུག

གནས་ཚུལ་སྤེལ་བར་གཞིགས་ན་གསང་མྱུལ་གྱི་དམིགས་འབེན་གྲངས་ཐོའི་ནང་དུ་ཡོད་པའི་བོད་མི་ཚོས། སོ་སོའི་ཁ་པར་ནང་དུ་མཉེན་ཆས་དེས་འཇབ་རྒོལ་བྱས་ཡོད་མེད་ཆེད་དུ། ཞིབ་འཇུག་པ་ཚོར་ཁ་པར་མཁོ་སྤྲོད་བྱེད་རྒྱུར་མོས་མཐུན་བྱས་མེད་པས། དངོས་སུ་གསང་མྱུལ་བྱས་ཡོད་མེད་གནས་ཚུལ་ཤེས་ཐབས་བྲལ་བ་ཡིན་པའི་གནས་ཚུལ་སྤེལ་འདུག

དབྱིན་ཡུལ་གྱི་རྒྱལ་སྤྱིའི་བརྒྱུད་ལམ་གྷར་ཌེན་ཐོག་ཏུ། མིང་འདོན་གནང་འདོད་མེད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་ཞིག་གིས། རྒྱ་གར་གཞུང་གིས་བོད་མི་ཚོས་རྒྱ་ནག་ནང་དུ་མཉམ་དུ་༧གོང་ས་མཆོག་བོད་ལ་ཕྱིར་ཕེབས་རྒྱུ་ཚུད་པའི་གྲོས་མཐུན་ཞིག་འཇོག་པ་མི་ཡོང་བ་བཟོ་འདོད་ཡོད་པ། ༧གོང་ས་མཆོག་ནས་ཐེངས་མང་པོར་ཁོང་གི་གྲོགས་པོ་རྙིང་པ་ཁག་ཅིག་དང་བརྒྱུད་ནས་རྒྱ་ནག་གི་དཔོན་རིགས་ཁག་དང་འབྲེལ་ལམ་ཉར་གྱི་ཡོད་སྐོར་གསུངས་ཡོད་པས། རྒྱ་གར་གཞུང་ནས་གནས་ཚུལ་དེར་དོ་སྣང་ཆེན་པོ་བྱས་ཏེ་ཁོ་ཚོའི་ཤེས་རྟོགས་དང་མཉམ་ཞུགས་མེད་པའི་ཐོག་ནས། ༧གོང་ས་མཆོག་དང་རྒྱ་ནག་བར་གྲོས་མཐུན་འཇོག་ཐུབ་རྒྱུ་མེད་པ་བཟོ་འདོད་ཡོད་པ་ཡིན་སྐོར་བརྗོད་འདུག 

བརྒྱུད་ལམ་ཁག་ཏུ་རྡ་ས་ནས་ཁག་ཅིག་གིས་གསང་མྱུལ་བྱེད་དོན་གཙོ་བོ་ནི་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བ་ཡོད་སྐོར་བརྗོད་མཁན་བྱུང་ཡོད་འདུག 

གྷར་ཌེན་བརྒྱུད་ལམ་ཐོག་ཏུ་བསམ་ཚུལ་སྤེལ་ཚུལ་ལ། རྒྱ་གར་གཞུང་གིས་བོད་མིའི་འགོ་ཁྲིད་དང་རྒྱ་ནག་གི་དཔོན་རིགས་བར་གཞུང་འབྲེལ་མིན་པའི་ཐོག་ནས་འབྲེལ་བ་བྱེད་པར་བྱ་ར་བྱེད་ཆེད་ཡིན་སྲིད་པ་དང་། དེ་ཡང་དེ་སྔོན་༧གོང་ས་མཆོག་གིས་ཕྱི་ལོ་༢༠༡༤ ལོར་ཁོང་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་རྒྱུ་གཏན་འཁེལ་ཡང་། རྒྱ་གར་གཞུང་གིས་བཀག་འགོག་བྱས་ཡོད་པའི་གནས་ཚུལ་གསར་འགོད་པ་ཞིག་ལ་གསུངས་མྱོང་སྐོར་དང་། རྒྱ་གར་དབུས་གཞུང་གིས་གཞུང་འབྲེལ་ཐོག་ནས་བོད་ཀྱི་གནད་དོན་སེལ་ཆེད་དུ་བོད་རྒྱ་གྲོས་མོལ་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། ཉེ་ཆར་རྒྱ་གར་གྱི་ཉམས་ཞིབ་ཁང་ཞིག་གིས་བཏོན་པའི་སྙན་ཐོའི་ནང་དུ། རྒྱ་གར་གསང་བའི་ལས་ཁུངས་ཀྱིས་དབུ་མའི་ལམ་གྱི་མངོན་འདོད་དེར་རྒྱབ་སྐྱོར་བྱེད་ཀྱི་མེད་སྐོར་ཡང་བཀོད་འདུག 

བོད་རིག་པ་སློབ་དཔོན་(Prof Robert Barnett) ཡིས། རྒྱ་གར་གཞུང་གིས་༧གོང་ས་མཆོག་དང་ཐུག་འཕྲད་ཆེད་དུ་ཡོང་མཁན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དཔོན་རིགས་དང་ལས་བྱེད་ཚོར་དོ་སྣང་ཆེན་པོ་བྱེད་སྲིད་པ་དང་། དེ་རིགས་ལ་བྱ་ར་བྱེད་སྲིད་པ། རྒྱ་གར་གཞུང་གིས་སེམས་འཚབ་བྱེད་ཡུལ་ཁག་ཅིག་ནང་ནས་གཅིག་ནི། ༧གོང་ས་མཆོག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ཞུ་ཡི་མེད་དམ་ལྟ་བུ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།